ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གསོན་ཤུགས་ཆེན་པོ་རྒྱས་པ།

འདི་ནི་ཧུའུ་ནན་ཁྲང་ཧྲ་རུ་འཚོགས་པའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་ཐོག་ལྟ་སྐོར་བས་འགྲེམས་སྟེགས་མདུན་དུ་སྒྱུ་རྩལ་ཐོན་རྫས་ལ་པར་རྒྱག་བཞིན་པ།

དཔལ་འབྱོར་ཚོང་དོན་གྱི་འབྲེལ་ལམ་ཇེ་མང་དུ་འགྲོ་བཞིན་པ།

དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཀྲུང་ཧྥེའི་འབྲེལ་བའི“གྲུ་རྡོ”དང“སྐུལ་ཆས”ཞིག་རེད། 2023ལོར་ཀྲུང་ཧྥེའི་ཚོང་དོན་གྲངས་འབོར་ལོ་རྒྱུས་ཐོག་གི་མང་ཤོས་ཏེ། ཨ་སྒོར་དུང་ཕྱུར2821ཟིན་པ་དེ་དུས་མཚུངས་ལས1.5%འཕར་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཕྱེད་ཀ་ཙམ་དབར་གྱི་ཚོང་དོན་གྲངས་འབོར་དུས་མཚུངས་ལས་འཕར་ཚད་གྲངས་གནས་གཉིས་ལས་བརྒལ་བ། ཀྲུང་གོས་ཨ་ཧྥེ་རི་ཁར་ཐད་ཀར་མ་དངུལ་གཏོང་བའི་གསོག་འབོར་ཨ་སྒོར་དུང་ཕྱུར400ལྷག་ཙམ་ཟིན་ནས་ཨ་ཧྥེ་རི་ཁའི་ཕྱི་དངུལ་ཡོང་ཁུངས་ཀྱི་རྒྱལ་ཁབ་གཙོ་བོའི་གྲས་སུ་གྱུར་པ་སོགས། གྲངས་གཞི་རབ་དང་རིམ་པ་ལས་ཀྲུང་ཧྥེའི་ཚོང་དོན་གཞི་ཁྱོན་གྱིས་ཟིན་ཐོ་གསར་པ་མང་པོ་བཏོད་པ་དང་། མ་འཇོག་མཉམ་ལས་བརྟན་པོའི་ངང་འཕར་བ། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གསོན་ཤུགས་ཆེན་པོ་རྒྱས་པ་བཅས་མངོན་ཡོད།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་བཏང་བ་ནི་བཀྲག་མདངས་འཚེར་ས་ཞིག་རེད། 2023ལོར་ཀྲུང་གོས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱས་པའི་ཤུན་མཁྲེགས་ཤིང་ཏོག་དང་། སྔོ་ཚལ། མེ་ཏོག ཤིང་འབྲས་བཅས་དུས་མཚུངས་ལས130%དང་། 32% 14% 7%བཅས་སོ་སོར་འཕར་ཡོད། ལྷོ་ཨ་ཧྥེ་རི་ཁའི་ལི་སོས་པ་དང་། ཐན་ཙན་ནི་ཡའི་ཏིལ། ཁོ་ཐེ་ཏི་ཝོར་གྱི་མཁལ་འབྲས། རུ་ཝང་ཏའི་སུར་པན། ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་སོགས་ཨ་ཧྥེ་རི་ཁའི་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་མི་སེར་གྱི་གསོལ་ལྕོག་ཐོག་བཤམས་པ་ལས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པའི“ཐོགས་མེད་བགྲོད་ལམ”སོགས་ཀྱི་བྱེད་ཐབས་བདེ་བླག་ངང་ལག་ལེན་བསྟར་བ་མཚོན་ཡོད། མིག་སྔའི་བར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ14དང་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཆོག་པའི་གྲོས་ཆོད་ཁག22ལ་མིང་རྟགས་བཀོད་པ་དང་ཨ་ཧྥེ་རི་ཁ་ནས་ཞིང་ལས་ཐོན་རྫས་ནང་འདྲེན་བྱས་པའི་དངུལ་འབོར་ལོ7བསྟུད་མར་འཕར་ཡོད།

ཀྲུང་ཧྥེའི་དངོས་སྒྲུབ་མཉམ་ལས་ཀྱི“འདུ་འགོད་རྣམ་གྲངས་དགུ”ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱིས་ཀག་ནའི་ཉ་ལས་གྲུ་ཁའི་ཕྱོགས་བསྡུས་སྒྲིག་བཀོད་དང་མོ་རི་ཐ་ནི་ཡའི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེའི་སྣོལ་ཟམ་སོགས་ཚོང་དོན་སྐུལ་སྤེལ་རྣམ་གྲངས26ལག་བསྟར་བྱས་པ་དང་། མ་ཏ་ཀ་སི་ཁར་གཞུང་ལམ་དང་ཙན་པི་ཡའི་གློག་ཤུགས་སྒྲིག་བཀོད་སོགས་བཟོ་ལས་ཅན་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས11ལག་བསྟར་བྱས་པ་སོགས། “ཚོང་དོན་སྐུལ་སྤེལ་ལས་གྲྭ”དང“མ་འཇོག་སྐུལ་འདེད་ལས་གྲྭའི”རྣམ་གྲངས་འོག་གི་རྣམ་གྲངས་མང་པོ་དོན་འཁྱོལ་བྱས་པས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་ས་ཁོངས་ཕན་ཚུན་གྱི་འབྲེལ་མཐུད་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་ཀྲུང་ཧྥེའི་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ཆེན་པོ་བྱེད་ཐུབ་ཡོད།

གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་རྒྱས་བཞིན་པ།

འདི་ལོའི་ཟླ5པར་ཧྭ་ཝུའེ་སྤྱི་ལ་དབང་བའི་སྤྲིན་རྩིས་ཞབས་ཞུ་ཁེ་རོའི་ས་ཚིགས་དེ་ཨེ་ཅིབ་ཏུ་དངོས་སུ་སྤྱོད་འགོ་ཚུགས་ནས་མི་ཐབས་རིག་ནུས་ལས་སྟེགས་དང་། གྲངས་གཞིའི་ལས་སྟེགས། གསར་སྤེལ་ལས་སྟེགས་བཅས་ཚུད་པའི་སྤྲིན་རྩིས་ཞབས་ཞུ་རིགས200ལྷག་ཙམ་མཁོ་འདོན་བྱེད་ཀྱི་ཡོད། དེ་ནི་ཨེ་ཅིབ་དང་ཐ་ན་ཨ་ཧྥེ་རི་ཁའི་བྱང་རྒྱུད་ཀྱི་སྤྱི་ལ་དབང་བའི་སྤྲིན་རྩིས་ཞབས་ཞུ་དང་པོ་དེ་ཡིན་པ་དང་ཨེ་ཅིབ་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།

གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་གྲངས་འཛིན་ཅན་ཕྱོགས་སྒྱུར་ནས་དྲ་ཐོག་ཚོང་དོན་དང་། ཐད་གཏོང་ཟོག་ཚོང་། སྒུལ་བདེའི་གཏོང་སྤྲོད་སོགས་ལས་རྣམ་གསར་པའི་བར་ཀྲུང་ཧྥེའི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་ཨ་ཧྥེ་རི་ཁར་གྲངས་འཛིན་ཅན་ཕྱོགས་སྒྱུར་ཡོང་བར་རམ་འདེགས་ཐུབ་ཡོད།

ཡོ་རོབ་དང་། ཨེ་ཤེ་ཡ། མེ་གླིང་བཅས་ཀྱི་སྐམ་ས་ཆེ་མོ་དང་ཨ་ཧྥེ་རི་ཁ་སྦྲེལ་མཐུད་བྱེད་པའི་མཚོ་འོག་གློག་སྐུད་ལས་གྲྭ་མང་པོའི་ནང་ཞུགས་པ་ནས་ཨ་ཧྥེ་རི་ཁའི་གཙོ་རྒྱུན་གཉེར་སྐྱོང་ཚོང་པ་དང་མཉམ་ལས་བྱས་ཏེ་ཨ་ཧྥེ་རི་ཁར་གློག་འཕྲིན་ཞབས་ཞུ་གཞི་རྩའི་ཆར་ཁྱབ་པ་དང་དེ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕྲིན་གཏོང་རྐང་འཛིན་དྲ་བ་གསར་ཁྲིད་དང་རིམ་སྤོར་ལ་རོགས་རམ་བྱེད་པའི་བར། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གྲངས་འཛིན་ཧེ་བག་ཆུང་དུ་གཏོང་རོགས་བྱས་ཡོད། ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་པེར་ཧུའུ་ཐེ་སི་ཧྥ་ཡིས“ཨ་ཧྥེ་རི་ཁར་གྲངས་འཛིན་དཔལ་འབྱོར་ཁྲོམ་རའི་མདུན་ལམ་ཆེན་པོ་ཡོད། ཀྲུང་གོའི་རོགས་རམ་འོག་ཨ་ཧྥེ་རི་ཁས་གྲངས་འཛིན་ཅན་ཕྱོགས་སྒྱུར་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།

མཉམ་ལས་ཀྱི་ཐབས་ལམ་ཉིན་བཞིན་མང་དུ་འགྲོ་བཞིན་པ།

ཧུའུ་ནན་ཀའོ་ཆའོ་ཁྲོམ་ར་ཆེན་པོའི་ཁེན་ནི་ཡའི་ཁང་དུ་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ཡོད། ཁེན་ནི་ཡ་ནས་ཀའོ་ཆའོ་ཁྲོམ་ར་ཆེན་པོའི་བར་མེ་ཏོག་དེ་དག་དབོར་བར་ཉིན་གཅིག་ཀྱང་འགོར་གྱི་མེད། ཨ་ཧྥེ་རི་ཁའི་ཀོག་ཧྥེའི་ཉོ་ཚོང་ལྟེ་གནས་སུ་ཀོག་ཧྥེ་ཡི་དྲི་ཞིམ་འཐུལ་བཞིན་ཡོད་པ་དང་དེ་གའི་ཀོག་ཧྥེའི་ཨ་ཧྥེ་རི་ཁ་ནས་ཐད་ཀར་ཉོ་སྒྲུབ་བྱས་ཏེ། ལས་སྣོན་དང་ཐུམ་སྒྲིལ་བརྒྱབ་རྗེས་འཚོང་གི་ཡོད། ལྷོ་ཨ་ཧྥེ་རི་ཁའི་ཤཱ་སྨི་ཆེན་པོ་ཆུ་ཚོད10ལྷག་ཙམ་གནམ་གྲུ་ནས་དབོར་རྗེས་ཀྲུང་གོའི་མི་སེར་གྱི་གསོལ་ལྕོག་ཐོག་གཤོམ་གྱི་ཡོད། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཀྱི་ཡན་ལག་འགྲེམས་ཁང་དང་རྒྱུན་བཙུགས་འགྲེམས་ཁང་ཡིན་པའི་ཧུའུ་ནན་ཀའོ་ཆའོ་ཁྲོམ་ར་ཆེན་པོ་ནི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་བསྡུས་རིས་ཤིག་རེད།

ན་ནིང་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་རིང་ཕྱོགས་ཁག་གིས་གན་རྒྱ་བཞག་པའི་རྣམ་གྲངས120དང་དངུལ་འབོར་ཨ་སྒོར་དུང་ཕྱུར103ཟིན་པ་དང་། སྦྲེལ་མཐུད་མཉམ་ལས་ཀྱི་རྣམ་གྲངས99ཁྱབ་བསྒྲགས་བྱས་པ་དང་དངུལ་འབོར་ཨ་སྒོར་དུང་ཕྱུར87ཟིན་པའི་ནང་ཨ་ཧྥེ་རི་ཁའི་རྒྱལ་ཁབ11གིས་སྦྲེལ་མཐུད་རྣམ་གྲངས74ཁྱབ་བསྒྲགས་བྱས་པ་དེ་སྟོན་ཚོགས་སྐབས་རིམ་བྱུང་གི་གྲངས་འབོར་མང་ཤོས་ཡིན་པ་རེད། འདི་ལོའི་ཟླ5པར་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཨ་ཧྥེ་རི་ཁར་འཚོགས་པའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མ་འཇོག་ཚོང་དོན་སྐུལ་སྤེལ་མཉམ་ལས་སྤེལ་རེས་ཚོགས་འདུ་ནེ་རོ་པིར་འཚོགས་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་མཉམ་ལས་རྣམ་གྲངས10ལ་གན་རྒྱ་བཞག་པ་རེད།

ཧུའུ་ནན་ཡོན་ཧྲི་སོན་ལས་ཚན་རྩལ་མཐོ་བའི་ཚད་ཡོད་ཀུང་སི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ལ་བསྟུད་མར་ཐེངས་གསུམ་ཞུགས་ཤིང་། ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་དབན་ཅུའེ་མིང་གིས“ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སོགས་ལས་སྟེགས་ཀྱི་རམ་འདེགས་འོག་ང་ཚོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད”ཅེས་དང“རྒྱུད་འདྲེས་ཆུ་འབྲས་ཀྱི་སོན་དང་ལག་རྩལ་ཨ་ཧྥེ་རི་ཁར་ཁྱབ་གདལ་བཏང་བ་ལས་ས་གནས་དེ་གའི་ཞིང་པའི་ཐོན་འཕར་འབབ་འཕར་ལ་རྒྱུར་རོགས་རམ་ཐུབ་པ་མ་ཟད། ཐོན་ཁུངས་རང་བཞིན་མིན་པའི་ཐོན་རྫས་ཉོ་ཚོང་མཉམ་ལས་ཀྱི་རིགས་གསར་པ་ཡང་མང་དུ་ཕྱིན་ཡོད”ཅེས་བཤད།

ཀྲུང་ཧྥེའི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་ཡིན། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་འགོ་འཛུགས་ས་གསར་པར་བྱས་ཏེ་ཀྲུང་ཧྥེ་ཕྱོགས་གཉིས་པོས་སྔར་བས་སྒོ་དབྱེའི་རྣམ་འགྱུར་དང་སྔར་བས་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་སྔར་བས་ནུས་ལྡན་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号