བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱས་ནས་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་དཔལ་འབྱོར་གྱི་སྲོག་རྩར་ཐུག་ཡོད་པ་དང་། རྒྱལ་ཁབ་འཛུགས་པའི་རྩ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་རྨང་གཞི་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་རིང་ལ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་མཆོང་སྐྱོད་ལྟ་བུས་འཕར་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ནས། འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་གདེང་འཇོག་ཚད་མཐོན་པོ་གནང་ནས། དངོས་ཕུང་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་གནས་བབ་གལ་ཆེན་ནན་བཤད་གནང་བ་དང་། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པས་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་མཐོ་སྣེ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོའི་ངང་སྤོ་བཞིན་ཡོད།

C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་ཐོན་ལས་ཕྲེང་འབྲེལ་གྱི་སྤྱིའི་སྒྲིག་སྦྱོར་རྟེན་གཞི་ཧྲང་ཧའེ་རུ་ཡོད་ལ། 50%ཡི་འདྲེས་སྦྱོར་རྒྱུ་ཆའི་གྲུབ་ཆའི་ལྷུ་ལག་ནི་ཅང་སུའུ“ཀྲིན་ཅང་ནས་བཟོས་པ”ཞིག་ཡིན་པ་དང་། གནམ་གྲུའི་ལེ་ཏའི་ཁེབས་པར་གློག་འཁྱུག་ཐོག་རྒྱག་གི་འགོག་སྲུང་ཚོད་ལྟ་བྱེད་མཁན་ནི་ཨན་ཧུའེ་ཧི་ཧྥེའི་ཁེ་ལས་ཡིན་ལ། ཀྲེ་ཅང་ཧང་ཀྲིག་གི་ཁེ་ལས་ཀྱིས་མཁའ་རླུང་གི་གནོན་སྒྲོ་གཤོག་སྒུལ་འཕྲུལ་འཁོར་གྱི་དོས་ཁང་གི་སྒོ་འདོན་སྤྲོད་བྱས་ཡོད། ཉིན་འགའི་སྔོན། C919རྟགས་ཅན་གྱི་བཀོལ་སྤྱོད་མཁན་མང་པོ་ཞིག་གི་རྣམ་པའི་མགོ་བརྩམས་ནས་རིམ་བཞིན་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པའི་ཕྱོགས་སུ་བསྐྱོད།

ད་ལྟའི་འབྲི་ཆུའི་ཟུར་གསུམ་གླིང་དུ་གནམ་གྲུ་ཆེན་པོ་ཁོ་ན་མ་ཡིན་པར་ནུས་ཁུངས་གསར་པའི་རླངས་འཁོར་གཅིག་ཆུ་ཚོད་བཞིའི་ནང་གནས་འདི་ནས་ལྷུ་ལག་ཆ་སྒྲིག་ནས་རླངས་འཁོར་ཧྲིལ་པོ་བཟོས་ཟིན་པའི་བར། གྲུ་བཟོ་ལས་རིགས་ཀྱི“ཅོད་པན་སྟེང་གི་མུ་ཏིག”གསུམ་པོ་ཚང་མ་གཅིག་ཏུ་བསྡུ་ཐུབ་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ་རྒྱལ་དམངས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་སུ་བཏང་བའི་དཔེ་རིས་སྟེང་དུ། ང་ཚོས་སྐབས་དེའི་འབྲི་ཆུའི་ཟུར་གསུམ་གླིང་དུ་འཁེལ་འཐག་ཐོན་ལས་ཉུང་ཤས་མ་གཏོགས་སྒྲིག་ཆས་བཟོ་སྐྲུན་དང་ཐོན་སྐྱེད་ནུས་ཤུགས་གཞན་པ་ཕལ་ཆེར་མེད་པ་མཐོང་།

ཧྥུ་ཏན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སློབ་གླིང་གི་གླིང་གཙོ་ཀྲང་ཅུན་གྱིས་བཤད་རྒྱུར། ད་ལྟ་ང་ཚོའི་འབྲི་ཆུའི་ཟུར་གསུམ་གླིང་གི་བཟོ་སྐྲུན་ལས་རིགས་ཧྲིལ་པོ་འདིས་ང་ཚོ་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་བཟོ་སྐྲུན་ཆུ་ཚད་ལྡན་པའི་ས་ཁུལ་ཞིག་ཏུ་སླེབས་ཡོད་ཅེས་བཤད་ཆོག་ཟེར།

གནས་འདི་ནི་ཀྲུང་གོ་གསར་པའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཡིན། ལོ་ངོ75ཡི་སྔོན། རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་གྱི་སྒྲིག་ཆས་རྗེས་ལུས་དང་ཐོན་ནུས་ཞན་པའི་རྨང་གཞིའི་སྟེང་དཀའ་ཚེགས་ཆེན་པོས་གོམ་པ་སྤོས་ཡོད། ལོ་ངོ75རིང་གི་འཕེལ་རྒྱས་བརྒྱུད་དེ། ད་ལྟ་རང་རྒྱལ་གྱིས་ཐོན་སྐྱེད་བྱེད་ཐུབ་པའི་ཐོན་རྫས་ལ་མ་བཅོས་རྒྱུ་ཆ་དང་། འཛད་སྤྱོད་དངོས་རྫས། སྒྲིག་ཆས་མཐོ་འབྲིང་སོགས་ཁྱབ་ཁོངས་སོ་སོར་ཁྱབ་སྟེ། “བཟོ་མི་ཐུབ་པ”ནས“བཟོ་ཐུབ་པའི”བར་དང་། དེ་ནས“བཟོས་པ་ལེགས་པའི”བར་གྱི་ཐོད་བརྒལ་མངོན་འགྱུར་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གལ་ཆེན་བཏོན་པ་དེས་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཟོ་སྐྲུན་ལས་རིགས་ཀྱི་སྲོག་ཤིང་ནི་གསར་སྐྲུན་ཡིན་པ་དང་། དེ་ནི་གནད་འགག་དང་སྲོག་ཤིང་གི་ལག་རྩལ་ཁོང་དུ་ཆུད་དགོས་ཤིང་། ངེས་པར་དུ་རང་སྟོབས་རང་སྤེལ་ལ་བརྟེན་དགོས་པ་དང་། རང་བརྟེན་གསར་སྐྲུན་ལ་བརྟེན་ནས་བརྩོན་ལེན་བྱེད་དགོས།

2023ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། གསར་གཏོད་རང་བཞིན་གྱི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་ཐ་སྙད་བཏོན། ཁོས་བསྟན་དོན། ད་ཡོད་ཀྱི་ཐོན་ལས་རྨང་གཞིར་རྐང་བཙུགས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མགྱོགས་མྱུར་སྒོས་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ་དང་། ཚན་རྩལ་གསར་སྐྲུན་གྱི་ཐོན་ཁུངས་གཅིག་བསྡུས་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་ཆགས་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པས་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་ཐོན་ལས་ཀྱི་རྨང་གཞི་བསྐྱར་བསྐྲུན་བཟོ་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ། མཁའ་འགྲུལ་གྱི་སྒུལ་བྱེད་འཕྲུལ་འཁོར་དང་བཟོ་ལས་ཀྱི་འཕྲུལ་འཁོར་གཙོ་བོ་སོགས་ཀྱི་ཞན་ཆར་དམིགས་ནས། རྨང་གཞིའི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་ཕྲེང་འབྲེལ་ཁ་གསབ་བྱས། ནུས་ཁུངས་གསར་པའི་རླངས་འཁོར་དང་། ཉི་འོད་ནུས་པའི་གློག་རྫས་སོགས་ཁྱད་སྟོབས་ཐོན་ལས་ལ་དམིགས་ཏེ། གཞི་གྲངས་ལག་རྩལ་དང་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཀྱི་ཕྲེང་འབྲེལ་རྒྱུན་སྲིང་བྱ་དགོས། བཙོ་སྦྱང་དང་ངར་ལྕགས་སོགས་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ལ་དམིགས་ནས། སྒྲིག་ཆས་གསར་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཀྱི་ཕྲེང་འབྲེལ་རིམ་སྤོར་བྱ་དགོས། དེ་དང་ཆབས་ཅིག ཚད་རྡུལ་ཚན་རྩལ་དང་དམའ་རིམ་དཔལ་འབྱོར་སོགས་མ་འོངས་པའི་ཐོན་ལས་སྔོན་དཔག་གི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཀྲུང་གོའི་བཟོ་སྐྲུན་ལས་རིགས་དེ་རིན་ཐང་ཕྲེང་འབྲེལ་ནས་རྩེར་སོན་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་བཞིན་ཡོད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སའེ་ཏིས་ཞིབ་འཇུག་ཁང་གི་འཆར་འགོད་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཧི་དབྱིན་གྱིས་བཤད་རྒྱུར། གསར་སྐྲུན་འཕེལ་རྒྱས་བྱས་པ་བརྒྱུད། ཀྲུང་གོའི་བཟོ་སྐྲུན་དེ་གྲངས་ཀ་གསོག་འཇོག་ནས་སྤུས་ཚད་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་སྟེ། ད་ལྟ་ཀྲུང་གོས་ཐོན་སྐྱེད་བྱས་པའི་གློག་སྒུལ་ཡོ་བྱད་དེ་ཡོ་རོབ་དང་ཨ་རིའི་ཁྲོམ་རའི་གཙོ་རྒྱུན་དུ་གྱུར་ནས་ནུས་ཁུངས་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་རྣམ་པ་གསར་པ་གསུམ་ལོ་རེར་ཕྱིར་གཏོང་བྱེད་ཚད་སྒོར་ཁྲག་ཁྲིག་ཆེན་མོའི་འགག་སྒོ་ཆེན་པོ་ལས་བརྒལ་ནས། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་བཀོད་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་ཏེ། ཀྲུང་གོའི་བཟོ་སྐྲུན་རྒྱུན་ཆད་མེད་པར་རྩེར་སོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཟེར།

ད་ལྟའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ལ་རིགས་ཆེན་པོ31དང་། རིགས་འབྲིང་བ179དང་རིགས་ཆུང་བ609བཅས་ཡོད་ལ། དེ་ནི་འཛམ་གླིང་གི་ཐོན་ལས་རིགས་ཆེས་ཚང་བ་དང་ཐོན་ལས་མ་ལག་ཆ་ཚང་ཤོས་ཤིག་རེད། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ14རིང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

ད་ལྟའི་ཀྲུང་གོའི་བཟོ་སྐྲུན་དེ་ཀྲུང་གོའི་གསར་སྐྲུན་ཕྱོགས་སུ་མགྱོགས་མྱུར་སྒོས་འགྱུར་བཞིན་ཡོད། སྤྱི་ཚོགས་ཡོངས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་བཏང་ཚད2012ལོའི་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་ནས2023ལོའི་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་གསུམ་བར་འཕར་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། འདས་ཟིན་པའི་ལོ་བཅུའི་ནང་། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་ལོ་རེར་ཆ་སྙོམས10.3%འཕར་བ་དང་། འཛམ་གླིང་ཚན་རྩལ་གསར་གཏོད་ཁྱུ་ཚོགས་རྩེ་གྲ་བརྒྱ་བེད་སྤྱད་དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཚན་རྩལ་གསར་སྐྲུན་གྱིས་བཟོ་སྐྲུན་ལས་རིགས་དེ་རྩེར་སོན་དང་། རིག་ནུས། ལྗང་མདོག་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྣེ་ཁྲིད་བྱེད་བཞིན་ཡོད།

ད་ལྟ་རིག་ནུས་འཁོར་ཁང་དུ་སྐར་མ་གསུམ་གྱི་རིང་ལ་མ་འོངས་པའི་ཟླ་གཅིག་གི་ཐོན་སྐྱེད་འཆར་གཞི་བཀོད་སྒྲིག་བྱེད་ཐུབ། བཟོ་ཁང་ནང“གློག་སྒྲོན་ནག་པོའི་བཟོ་གྲྭས”ཆུ་ཚོད24ཡི་རིང་ལ་མཚམས་མ་བཞག་པར་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་དང་། རིག་ནུས་ཚོད་འཛིན་ཁང་དུ་བརྙན་ཤེལ་ཆེན་པོའི་ནང་ཐོན་སྐྱེད་ཀྱི་དམིགས་ཚད་དང་དངོས་ཟོག་གི་རྒྱུག་ཕྱོགས་མངོན་བཞིན་ཡོད། བཙོ་སྦྱང་དང་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱིས་རྒྱང་རིང་ནས5Gརྡོ་སོལ་སྔོག་འདོན་བྱེད་ཐུབ་ལ། རང་རྒྱལ་གྱིས་འཛམ་གླིང་གི་བཅུ་ཆའི་བཞི་ལས་བརྒལ་བའི“སྒྲོན་ལྕོག་བཟོ་གྲྭ”དང་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་5095བསྐྲུན་ཡོད། བཟོ་ལས་དྲ་སྦྲེལ་བཟོ་ལས་རིགས་ཆེ་གྲས་ཁྱོན་ཡོངས་ལ་ཁྱབ་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་ཁུངས་ཀྱི་རིན་ཐང་འཕར་མའི་ཟད་གྲོན་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྔོན་གྱི་ལོ་གཉིས་ནང་རིམ་རྩིས་བྱས་ན6.8%མར་ཆག་ཡོད། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་སྔར་ལས་སྤུས་ཚད་མཐོ་བ་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།

ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་གླིང་གི་ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ་ཀུང་ཐན་ཞའོ་ཡིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྣམ་པ་གསར་པའི་བཟོ་ལས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ཞེས་བཏོན། དེ་ནི་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཐོན་ལས་རིམ་སྤོར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཀྱིས་གསར་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པ། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་ཟེར།

“ཚན་རྩལ་མཐོན་པོར”དམིགས་ནས། “ལས་ཆོད་ཆེན་པོར”རེ་སྙེག་དང་། “སྤུས་ཚད་མཐོན་པོའི”ཕྱོགས་སུ་སྐྱོད་བཞིན་ཡོད། ད་ལྟའི་ཀྲུང་གོའི་བཟོ་སྐྲུན་གྱིས་རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། རྣམ་པ་གསར་པའི་བཟོ་ལས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号