ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

     ཟླ8པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས49པ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

     ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་བསྣན་ནས་ཆར་ཆུ་དང་ཆུའི་གནས་ཚུལ་ལ་གནད་སྨིན་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཐག་རིང་ལུང་ཁུག་གི་རི་ཁུལ་དང་། ཡུལ་སྐོར་ལྗོངས་ཁུལ། བཟོ་གཏེར་ཁེ་ལས། ཉེན་ཡོད་ཁང་པ། ཆུ་འཁྱིལ་སླ་བའི་གཤོང་ས་སོགས་གཙོ་གནད་ཁྱབ་ཁོངས་དམིགས་སུ་བཟུང་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ནན་ཏན་བྱེད་པ་དང་། ཆུ་ལོག་འགོག་པའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འབྲུབ་འགོག་ནུས་པ་ཆེ་རུ་གཏོང་དགོས། ཞིབ་འཇུག་དང་བརྡར་གཅོད་བཀོད་གཏོང་ལ་ཤུགས་སྣོན་པ་དང་། དྲིལ་སྒྲོག་སྐུལ་སློང་ཡག་པོ་བྱེད་པ། ལས་རེས་སོ་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ནས་བདེ་བླག་ངང་ཆར་ཞོད་དུས་སྐབས་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

     ཚོགས་ཐོག་ཏུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  འབྲུ་རིགས་བདེ་འཇགས་ཀྱི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་བཅངས་ནས་བོད་རང་སྐྱོང་ལྗོངས་སོགས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ།  ནས་ནག་འདེབས་འཛུགས་དཔེ་སྟོན་ལ་འཆར་འགོད་བྱེད་དགོས། རྨོ་ཞིང་གི་ཁྲིམས་འཛིན་ཞིབ་བཤེར་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱས་ནས་རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་བརྟན་པོ་སྲུང་དགོས། སྒར་བཅུ་གཉིས་དང་སྨོན་ལམ་མཐོན་པོའི་གཞུང་ལམ་གྱི་བྱང་ངོས་དང་དེ་བཞིན་རྐང་ཚ་རྫོང་གི་མཚོ་སྐོར་བྱང་ངོགས་ཀྱི་ཚྭ་ཞིང་སྒྱུར་བཀོད་རིམ་སྤོར་དང་འོས་འཚམ་སྐྱེ་དངོས་ཀྱི་སྣ་ཁ་གསར་སྤེལ་ཁྱབ་གདལ་གཏོང་རྒྱུར་ཤུགས་བསྣན་ནས་ས་ཆའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།

     ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམིགས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ། འཁྱག་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། གསར་བརྗེའི་སློབ་གསོ་དང་ལྗང་མདོག་སྐྱེ་ཁམས་སློབ་གསོར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན་རྟེན་གཞི་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ། འཁྱག་ཀླུང་གི་སྐྱེ་ཁམས་དཔལ་ཡོན་ལག་ལེན་རྟེན་གཞི་འཛུགས་རྒྱུར་ཚད་གཞི་མཐོན་པོའི་སྒོ་ནས་འཆར་འགོད་བཅས་བྱེད་དགོས། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་གཅོག་སྒྱུར་བཀོད། རྡོ་སོལ་གྱི་ནུས་ཆེའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ་གྱི་རང་བྱུང་སོལ་རླངས་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་བ། རྐང་ཚ་རྫོང་གི་རྩྭ་ཐང་གི་ཐཱན་བསྡུ་ལས་གཞིར་སྐུལ་འདེད་མགྱོགས་སུ་གཏོང་བ། མདོ་ལ་དང་འཇུ་ལག་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་ཐཱན་བསྡུ་ཉོ་ཚོང་ཚོད་ལྟའི་དཔེ་སྟོན་བྱེད་ཚད་མགྱོགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

     ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ང་ཚོས་བྱ་བ་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་རིག་མཛོད་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ་དང་། ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། “གཅིག་ཅན་བརྒྱད”ཀྱི་སྐྱེ་ཁམས་ཕྱུགས་ལས་བཟོ་སྐྲུན་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་མེ་ཤུགས་གློག་འདོན་ལས་གཞི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཧེ་དག་དང་ཤན་ཧྥུན། མུ་རི་བཅས་གཏེར་ཁུལ་གསུམ་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པས་གཙོ་གནད་ལས་གཞི་འགན་ལེན་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། རང་འགུལ་ངང་ལས་ཡུལ་དངོས་སུ་སོང་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད། གནད་དོན་ཐག་གཅོད་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། དམག་དཔུང་དང་ས་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། གཉིས་གཉིས་གཅིག་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་སྨོན་ལམ་མཐོན་པོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སོགས་རྩ་ཆེའི་ཐོན་ཁུངས་སྔོག་འདོན་ནང་ཧུར་ཐག་ཞུགས་ནས་རྒྱལ་སྲུང་སློབ་གསོ་ཧུར་ཐག་སྤེལ་དགོས་པ་ནན་གྱིས་བསྟན།

     ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དང་ཧྲན་ཤིས་ཧན་ཀྲུང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། ས་མཐོའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་དཔེ་སྟོན་ཁྱབ་གདལ་དང་ཚན་ཞིབ་ཚན་རྩལ་ཁྱབ་གདལ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྤུས་ལེགས་ཕྱུགས་རྩྭ་འདེབས་གསོ་དང་། རྒྱུད་བཟང་ཕྱུགས་རིགས་གསོ་སྤེལ། སྡོང་ཕྲུག་མཁོ་སྤྲོད་སོགས་ཐད་ཀྱི་ཚན་རྩལ་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ཐོན་ལས་རྒྱུན་སྲིང་གི་འབྲེལ་ཐག་ཤུགས་ཆེར་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་དམིགས་ཏེ་སྲིད་ཇུས་དང་། ཐོན་ལས། ལས་ཞུགས། ལས་གཞི། མ་དངུལ་སོགས་གཙོ་གནད་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། ལས་གཞི་ལག་བསྟར་བྱེད་ཚད་མགྱོགས་སུ་བཏང་ནས་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཤུལ་བཞག་རིག་གནས་སྣ་ཚོགས་སྔོག་འདོན་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ནོར་ལུག་གི་རུས་པ་དང་། ནོར་ལུག་གི་ཁུ་ལུ། དར་སྐུད་ཐང་ག་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྐྱེད་སྲིང་དང་གསར་སྤེལ་ཧུར་ཐག་བྱེད་པ། མཁར་དམར་གནའ་མཁར་དང་གངས་ལུང་བྲག་ཕུག་སོགས་གནའ་བོའི་གནའ་ཤུལ་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་དངོས་དང་རིག་གནས་ཤུལ་བཞག་དེ་བས་མང་བ་གསོན་ཤུགས་ལྡན་པར་བྱེད་དགོས་པ་ནན་གྱིས་བསྟན།

     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号