《སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག》ཅེས་པའི་སློབ་ཚན་གྱི་དགོངས་དོན་ཅུང་ཟད་གླེང་བ།

ཆོས་འཕེལ།

སློབ་གསོའི་མ་ལག་ཆ་ཚང་ཅན་དང་། དེང་རབས་ཀྱི་འཆད་ཁྲིད་འཐུས་ཚང་ཅན་དུ་གྲུབ་པ་ནས། བསླབ་གཞིའི་ནང་དོན་ལ་སྒྱུར་བཅོས་རབ་དང་རིམ་པ་བྱུང་མོད། ལོ་བཅུ་གྲངས་རིང་པོ་ཏོ་བ་རིན་ཆེན་གསལ་གྱིས་མཛད་པའི་བརྩམས་ཆོས《སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག》ཅེས་པར་འཕྲི་བསྣོན་མ་བགྱིས་པར་སོར་བཞག་བཀོད་སྒྲིག་ཞུས་པ་ནི། དཔྱད་གཞི་ལས“དགེ་བཤེས་པོ་ཏོ་བའི་བསླབ་བྱའི་རྩོམ་དག་ནི་ཁོང་རང་ཉིད་ཀྱིས་སྐབས་དེའི་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ཆ་ཚང་མྱངས་པ་དང་། སློབ་གཉེར་གྱི་ལག་ལེན་དངོས་ལས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ཏེ་བྱུང་བ་ཞིག་ཡིན། དེར་བརྟེན། ཁོང་གི་བསླབ་བྱའི་རྩོམ་དེ་དག་ནི། སྲོལ་རྒྱུན་སློབ་གསོའི་མ་ལག་ལས་སློབ་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ནང་དོན་ཞིབ་ཆ་རྣམས་འཇིག་རྟེན་ཁ་དཔེ་དང་སྦྱར་ནས་བསླབ་བྱ་དང་གདམས་ངག་གནང་བ་ཞིག་ཡིན”ཞེས་ནང་དོན་གྱི་དཀའ་སླ་གང་ནས་ཀྱང་གོ་བ་ལེན་བདེ་ལ། སློབ་ཆུང་གི་དུས་རིམ་ནས་སློབ་འབྲིང་དུ་ཐོག་མར་སླེབས་པའི་སློབ་མ་ཚོའི་བསམ་བློ་ཀུན་སྤྱོད་ལེགས་སུ་འགྲོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད།

མཁས་པ་ལ་ལ་མཚོ་བཞིན་ངང་གིས་གང་། །ལ་ལ་འབྲུ་མར་བཞིན་དུ་བཙིར་ལས་བྱུང་། །ལ་ལ་ཕོངས་པའི་ནོར་བཞིན་འབད་པས་བསྒྲུབས། །ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། །དེ་ལྟར་བློ་གྲོས་གསལ་དང་མི་གསལ་དང་། །མཁས་དང་མི་མཁས་རྣམ་དབྱེ་རྗེས་དཔག་ལས། །བློ་ཆེན་གཞན་གྱི་བློ་ཡི་བང་མཛོད་ལ། །བློ་ཆུང་རྣམས་ཀྱིས་ཐེ་ཚོམ་མ་བྱེད་ཅིག །ཅེས་པ་བཞིན། སློབ་གསོ་བ་མཁས་ཅན་འདི་ཉིད་ཀྱིས་མྱོང་བས་གཏམས་པའི་དགོངས་གཞིར། སློབ་གསོ་སློབ་ཁྲིད་ཀྱི་བགྱི་བ་ཅུང་ཟད་བླངས་པའི་མྱོང་བ་གང་དེས། སློབ་ཚན་གང་དེའི་དགོངས་དོན་ཅུང་ཟད་གླེང་བར་བྱ།

དང་པོ། སྣོད་དང་སློབ་མའི་ངོས་འཛིན་གྱི་དགོངས་གཞི།

བསླབ་གཞི་ལས། “ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་སྤང་བ་ནི། སྣོད་ཁ་སྦུབ་ལྟ་བུ་དང་། སྣོད་ཞབས་རྡོལ་ལྟ་བུ་དང་སྣོད་དྲི་མ་ཅན་ལྟ་བུ་དང་གསུམ་མོ”ཞེས་ཉན་པ་པོའམ་སློབ་མ་ཚོའི་བློའམ་རིག་པ་དེ་ཉིད་རྒྱུན་གཏན་གྱི་འཚོ་བར་སྤྱོད་པའི་སྣོད་ཀྱི་གཟུགས་སུ་བཀོད་པ་མ་ཟད། སྣོད་རེ་རེའི་སྐྱོན་དེ་དག་ཀྱང་སློབ་མ་ཚོ་རྒྱུན་དུ་སློབ་ཁྲིད་ཉན་པའི་སྐབས་ཀྱི་སྐྱོན་སོ་སོར་གའུ་ཁ་སྦྱོར་གྱི་ཚུལ་དུ་སྦྱར་བ་འདི་ལྟ་སྟེ། སློབ་མ་རྣམས་གཉིད་དང་རྨུགས་པའི་གཞན་དབང་དུ་སོང་ནས་སློབ་ཚན་ཇི་ཙམ་ཉན་ཡང་གོ་བ་རྩ་བ་ནས་མི་ལོན་པ་སྣོད་ཁ་སྦུབ་དང་། སློབ་ཚན་ཉན་པའི་དུས་སུ་ཅུང་ཟད་གོ་བ་དེ་དྲན་པས་མ་བཟུང་ཞིང་བློ་ལ་མི་ཆགས་པ་ནི་སྣོད་ཞབས་རྡོལ། ཐོས་བསམ་བྱེད་པའི་ཚེ་རྙེད་བཀུར་དང་གྲགས་པ་སོགས་འདོད་པ། འགྲན་སེམས་དང་ཕྲག་དོག་ལ་སོགས་པའི་སེམས་དང་ལྡན་པ་ནི་སྣོད་དྲི་མ་ཅན་ལ་དཔེ་བཀོད་པ་གཙོ་བོར་བྱས་ཏེ། དེའི་ཞར་དུ་དྲི་མ་དྲུག་ཅེས་ཉན་པ་པོ་ལ་ལྡན་པའི་སྐྱོན་དྲུག་སྟེ། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་མི་གཉེར་བ་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། ། སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་དང་། མི་འཛིན་པའི་སྐྱོན་ལྔ་སྟེ། ཚིག་མི་འཛིན། དོན་མི་འཛིན། བརྡ་མ་འཕྲོད་པར་འཛིན་པ། ལོག་པར་འཛིན་པ། མ་ལུས་པར་མི་འཛིན་པ་དྲུག་བཅས་རིགས་འབྱེད་སྟངས་ཁ་གསལ་ལ་གོ་བདེ་བ་དང་། དཔེ་དོན་འབྲེལ་ཆགས་ཤིང་ཚགས་དམ་པ། དོན་རིམ་འཇུག་བདེ་ཞིང་ངེས་སླ་བའི་ནང་དོན་ལས་སློབ་མ་ཚོའི་རྒྱུད་ལ་ཆགས་པའི་སྐྱོན་ཆ་དག་གསལ་སྟོན་གནང་།

ཚིག་གི་ལོ་མས་དོན་གྱི་འབྲས་བུ་མ་བསྒྲིབས་པར་སྣོད་རབ་འབྲིང་མཐའ་གསུམ་གྱི་སློབ་མས་གོ་བ་ལེན་སླ་ཞིང་། གཏན་ཚིགས་དང་ལུང་རིགས་ཀྱིས་མ་སྤྲས་པར་སློབ་མའི་སྣོད་ལ་བསྟུན་ཏེ་ཤེས་བྱ་མཚམས་སྦྱོར་དང་སྐྱོན་ཡོན་བླང་དོར་གྱི་གནས་ལུགས་སྟོན་པ་ཡང་། སློབ་ཚན་དེ་དང་འབྲེལ་བའི་ཆེས་དམིགས་བསལ་གྱི་ཁྱད་ཡོན་དུ་འདོད།

རྣམ་གྲངས་རིགས་དབྱེའི་ལམ་ནས་མདོ་དོན་རྡོག་ཏུ་བསྒྲིལ་ཏེ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་ཞེས་གསལ་དག་སྙན་གསུམ་གྱི་ཐོག་ནས་ཉན་མཁན་གྱི་ཚོགས་སུ་སྤེལ་བས། བློ་རྒྱུགས་འབུལ་བདེ་བས་གཅིག དག་ཆ་གསལ་པོ་ཐོན་པས་གཉིས། སློབ་པའི་གདམས་ངག་ཏུ་འཁུམས་པས་གསུམ། རིག་གནས་སྤྱི་དང་ལས་ཀུན་ལ་སྐུལ་ལྕག་ནན་པོ་ཡོང་བ་བཅས་སོ།

གཉིས་པ། སྐྱོན་བརྗོད་ནས་ཡོན་ཏན་ཤུགས་སུ་གོ་བའི་དགོངས་དོན།

ལྡོག་པ་ཅན་གྱི་སྐྱོན་ཡོན་བརྗོད་རྒྱུ་ཡང་སློབ་གསོའི་བརྩམས་ཆོས་ཀྱི་ཁྱད་ཡོན་དུ་འདོད་ལ། ལྡོག་འཕྲོའི་ལེགས་སྐུལ་ཉེས་སྤོང་གིས་ཐོན་པའི་ནུས་པ་ནི་སྐབས་རེ་ཐད་ཀའི་སློབ་གསོ་ལས་ཀྱང་གནད་ལ་སྨིན་པ། དོན་ལ་སྦྱོར་བ་ཞིག་ཡོང་གི་ཡོད། 《སྙན་ངག་མེ་ལོང་མ》ཡི་རྒྱན་ལས་ཀྱང་། སྒྲ་ཡིས་ལྡོག་གམ་གོ་འགྱུར་བའི། །འདྲ་བ་འདི་ནི་དངོས་པོ་གཉིས། །དེ་ལ་དེ་ལྟའི་དབྱེ་བ་སྟོན། །དེ་ལ་ལྡོག་པ་ཅན་ཞེས་བྱ། །ཞེས་པ་ཇི་བཞིན་ནོ།

སློབ་ཚན་འདིར་བརྗོད་པའི་ནང་དོན་དག་ནི་སློབ་མར་མངའ་བའི་སྐྱོན་ཆར་དག་ཐེར་བྱེད་པ་ཡིན་ལ། སྐྱོན་གྱི་ཉེས་དམིགས་དང་མཇུག་འབྲས་བརྗོད་པར་བརྟེན་ནས། ཉེས་པ་ཀུན་གྱི་རྩ་ནས་ལྡོག་ཅིང་། ལེགས་པ་ཡོངས་ཀྱི་མཐའ་ནས་ཟིན་པ། མི་ཆོས་ཀུན་སྤྱོད་ཀྱི་ཞན་ཆ་མ་ལུས་གསལ་བར་བསྟན་ནས། ཞར་བྱུང་ཀུན་གཞིའི་ཡོན་ཏན་དང་ལྡན་པར་སྐུལ་བའི་གོ་བསྐོན་བློ་འགུག་གི་སློབ་གསོ་གཏོང་བའི་ཐབས་ལམ་དེ་ཉིན་ཤིན་ཏུ་ལེགས།

སློབ་ཁྲིད་ཀྱི་སྐབས་སུ་སློབ་མ་ཚོར་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་བཅས་རེ་རེ་བཞིན་འགྲེལ་སྐབས། དེ་དག་གི་ལྡོག་ཟླར་གྱུར་བའི་སྣོད་ཀྱི་དགེ་བ་གསུམ་དང་། ཡོན་ཏན་དྲུག འཛིན་པ་ལྔ་ཞེས་བརྗོད་དོན་དང་ཐད་ཀའི་འབྲེལ་བ་ཆགས་པ་དེ་གསལ་བཤད་བྱེད་རྒྱུའང་དགེ་རྒན་ཚོས་སློབ་ཁྲིད་སྐབས་གཟབ་ནན་དགོས་པའི་གནད་ཅིག་ཡིན་རྐྱེན། རྣམ་ཀུན་ནས་འུ་ཅག་གིས་ཀྱང་ལེགས་པ་ཁོ་ན་གཙིགས་སུ་བཟུང་ནས་སློབ་གསོའི་ལམ་དུ་འཇུག་རྒྱུ་མ་ཡིན་པར། འཇིག་རྟེན་འདིའི་རྒུད་པ་དང་དམན་པ། ཞེ་མེར་བ། འཇིགས་ཡེར་བ། ཉམས་དམའ་བ་སོགས་དཔེ་ལུང་གཅིག་ཏུ་དྲངས་ནས་སྤྲོ་སྣང་གི་ལྗོངས། ཉམས་མྱོང་གི་ལྗོངས། ཤེས་བྱའི་ལྗོངས། ལེགས་ཚོགས་མ་ལུས་འཛོམས་པའི་རིག་པའི་གླིང་གི་དགའ་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དེ་དག་ཚོར་དུ་འཇུག་དགོས་ཏེ། དེ་ནི་སྐྱུར་མོ་ཞིག་དང་མ་ཕྲད་ན། །མངར་མོ་ཐམས་ཅད་ཅང་ཅང་གི་དཔེ་ཉིད་དུ་སྣང་ངོ་།

གསུམ་པ། དགེ་སློབ་གཉིས་ཀ་མཚན་ཉིད་ཅན་དུ་གྲུབ་པའི་དགོངས་དོན།

དགེ་སློབ་ནི་ཆུ་དང་འོ་མ་འདྲེས་པ་བཞིན་མཉམ་གཅིག་ཏུ་འགྲོགས་ནས་ཤེས་བྱ་སྦྱོང་སྤྱོད་སྤེལ་གསུམ་ལ་འཇུག་པ་ཡིན། དུས་རིམ་མི་འདྲ་བའི་སློབ་གསོའི་ལམ་ལུགས་ཁྲོད་དགེ་རྒན་དང་སློབ་མར་བཀོད་པའི་མཚན་ཉིད་ཀྱི་སྒྲ་བཤད་མི་འདྲ་བ་མཆིས་ཀྱང་། རྩ་བའི་དགོངས་གཞི་ནི་གཅིག་སྟེ། མི་གཞི་སྤྱོད་ཡོན་གཉིས་ཀྱི་ཆ་ནས་གླེང་དགོས་པ་ཡང་། སློབ་ཚན་དེའི་གཏིང་རིམ་ན་གསལ་བའི་སློབ་གསོའི་རིན་ཐང་ཞིག་ཡིན།

གཞུང་ལས། དགེ་རྒན་ནི་གཙང་མཁས་གཞན་ལ་ཕན་པར་འདོད་པ། ཚུལ་ཁྲིམས་དག་པས་ལུས་ངག་གཙང་། །ཤེས་རབ་དག་པས་ལུང་རིག་མཁས། །ལྷག་བསམ་དག་པས་གཞན་ལ་ཕན། །ཞེས་གསུང་རྒྱུན་དུ་གྲགས་པས། སློབ་མའི་སྣོད་ཀྱི་སྐྱོན་དག་སེལ་བར། ཐོག་མར་དགེ་རྒན་རང་ཉིད་ཀྱི་སློབ་པའི་ཤེས་བྱ་དང་སྤྱོད་ལམ་ལེགས་པར་དགོས་པ་ནི། དེང་སྐབས་སློབ་གསོ་པུའུ་ནས་དོ་དམ་བྱེད་མུས་ཀྱི་དགེ་རྒན་གྱི་ཀུན་སྤྱོད་གནས་ལུགས་ཞེས་པའི་དགོངས་གཞི་དང་ལུས་དང་གྲིབ་མ་བཞིན་མཉམ་གཅིག་ཏུ་གནས་ན། སློབ་ཚན་འདི་ཉིད་ཀྱི་བརྗོད་བྱར་གྲུབ་པའི་སློབ་མ་སྣོད་རུང་མ་རུང་དུ་སྨྲས་ཏེ། ཤུགས་གཅིག་ན་དགེ་རྒན་གྱི་ཤེས་སྤྱོད་གཟུ་བོར་གནས་དགོས་པར་བཅོལ་གཏམ་དུ་མཆིས།

དེ་བཞིན་གཞུང་ལས། སློབ་མ་ནི་བློ་གསལ་ཤེས་འདོད་བླ་མར་གུས། རང་བཞིན་གྱི་བློ་གསལ་བ། རྩོལ་བས་ཤེས་པར་འདོད་པ། །དད་པས་དགེ་རྒན་ལ་གུས་པ། །ཞེས་མཚན་ཉིད་བཞག་པར་བལྟས་ཚེ། སྣོད་མཚན་ཅན་གྱི་སློབ་མས་སྣོད་ལྡན་གྱི་ཤེས་བྱའི་གནས་ལ་བརྩོན་ཐུབ་པ། སྣོད་གཙང་མའི་ཤེས་བྱས་དེ་འབྲས་ཀྱང་གཙང་མ་བསྐྱེད་པར་མཐུན་རྐྱེན་གྲུབ་པས། དགེ་རྒན་གྱི་ཞལ་གདམས་ནོག་མེད་དང་། ཤེས་བྱའི་གནས་ལུགས་དྲི་མ་མེད་པར་བརྟེན་ཅིང་། དགོས་འདོད་ཀྱི་རིག་ཚན་ཁག་ལ་བརྩོན་པ་ལྷོད་པ་མེད་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནུས་ན། དྲི་མ་དྲུག་ནི་རིང་དུ་སྤངས། མི་འཛིན་སྐྱོན་འཛིན་པའི་དགེ་མཚན་ལྔ་རུ་གྲུབ་ངེས་པས། དེང་རབས་སློབ་གསོའི་དགོངས་གཞི་དང་ལྟ་བར་སློབ་ཚན་དེ་ཉིད་ནི་སྐྱོན་ལྷད་མ་མཆིས་པའི་ཚད་ལྡན་ཅན་གྱི་སྦྱོང་གཞི་ཡིན་སྟབས། འུ་ཅག་གིས་བློ་ཞིབ་མོ་རྣམ་དག་གིས་སློབ་མར་འགྲེལ་བ། སློབ་མས་གཟབ་ནན་རྣམ་རིག་གིས་ཉན་ཞིང་རང་ཐོག་ཏུ་ལེན་རྒྱུ་ནི་ཅིས་ཀྱང་གལ་ཆེ།

མདོར་ན། 《དུས་རབས་རིམ་བྱུང་གི་བོད་ཀྱི་སློབ་གསོའི་དགོངས་བཅུད་གསལ་བའི་མེ་ལོང》ལས“《དཔེ་ཆོས་རིན་ཆེན་སྤུངས་པ》དང《པོ་ཏོ་བའི་ཆིག་ལབ་རིང་མོ》སོགས་ཀྱི་དགོངས་པ་དེ་དག་ནི་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་དུ་རྒྱ་ཁྱབ་ངང་སྤྱོད་ཅིང་། དེ་དག་ནི་སློབ་གསོའི་ཆོས་ཉིད་དང་མཐུན་ཞིང་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ། སློབ་གསོའི་སྒྲིག་གཞི་ཚགས་དམ་པ”ཞེས་གསུངས་པ་ལྟར། འདི་ལྟ་བུའི་བརྗོད་གཞི་མང་ཉུང་རན་པར་བཀོད་པ། དོན་ཟབ་ཀྱང་རན་པར་སྨྲས་པ། དཔེ་དོན་ཆུ་ལ་ཆུ་བཞག་ཏུ་སྦྱར་བ། དངོས་ཤུགས་དོ་སྙོམ་གྱི་གོ་བ་སོགས་དུས་རབས་སྔ་མའི་སློབ་གསོ་བ་ཞིག་གིས་ཉམས་མྱོང་ཕྱོགས་སུ་བསྡུས་ནས། ཉན་པ་པོའི་སྣོད་དང་བསྟུན་དགོས་པའི་བསམ་ཚུལ་གསལ་དག་སྙན་གསུམ་དུ་སྣང་བ་ནི། བཤེས་གཉེན་གྱིས་སློབ་མར་བརྟག་པ་བྱེད་པ། སློབ་མའི་ཀུན་སྤྱོད་ལེགས་ལམ་དུ་འདྲོང་དགོས་པ། སློབ་ཁྲིད་ཀྱི་ཐབས་ལམ་ལེགས་པོ་ཞིག་ལ་བསྟེན་དགོས་པ་གཞིར་བཅས། སློབ་མས་བཤེས་གཉེན་འཚོལ་ཞིང་བརྟག་ཐབས། སློབ་མས་འདུ་ཤེས་ཇི་ལྟ་བུས་བཤེས་གཉེན་བསྟེན་དགོས་ཚུལ། སློབ་མས་ཐོས་པ་ཇི་ལྟར་འཚོལ་ཐབས། སློབ་མས་རང་ཐོག་ཏུ་ཉམས་ལེན་ལ་ཇི་ལྟར་བརྩོན་དགོས་ཚུལ་སོགས་སྣོད་ཀྱི་དགེ་སྐྱོན་ལས་གསལ་བར་བསྟན་པ་ནི། དེང་རབས་སློབ་གསོའི་དགོངས་གཞི་དང་མཐུན་ཞིང་། གནའ་བཟང་དེང་སྤྱོད་དང་། སྙིགས་དོར་བཅུད་ལེན་གྱི་བགྱི་བ་བཟང་པོ་དགེ་སློབ་ཀུན་གྱི་སློབ་གསོའི་ཆ་རྐྱེན་དུ་འཛོམས་ཡོད་སྟབས། འདི་ལྟ་བུའི་སློབ་གསོའི་དགོངས་གཞི་ཕུན་སུམ་ཚོགས་པའི་ལེགས་རྩོམ་དགེ་སློབ་ཡོངས་ལ་མཉམ་སྤྱོད་དང་། དེའི་དགོངས་གཞི་འཁྲུལ་བ་མེད་པས། མ་ནོར་ལམ་ལ་འཇུག་པར་རྔོ་ཐོག་པའི་རྒྱུ་གལ་ཆེན་ཞིག་ཏུའང་འདོད་དོ།

(ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སློབ་འབྲིང་གི་ཆོས་འཕེལ་གྱིས)

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号