ཁྱིམ་ཚང་སློབ་གསོས་བུ་ཕྲུག་གི་འཚར་ལོངས་བརྒྱུད་རིམ་ཁྲོད་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

བཀྲ་ཤིས་འཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།

ཁྱིམ་ཚང་སློབ་གསོ་ནི་མི་ཞིག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་མྱོང་བའི་སློབ་གསོ་ཐོག་མ་ཡིན་ལ། དེས་སློབ་གསོ་རིག་པའི་མ་ལག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ཕྲུ་གུ་སྐྱེས་པ་ནས་བཟུང་ཁྱིམ་ཚང་གི་སློབ་གསོའི་ཤུགས་རྐྱེན་མང་པོ་ཐེབས་བཞིན་ཡོད་དེ། བྱིས་པའི་ཀུན་སྤྱོད་དང་རང་གཤིས། བྱ་སྤྱོད། གོམས་གཤིས་སོགས་གྲུབ་པར་དངོས་བརྒྱུད་གང་རུང་ནས་ཤུགས་རྐྱེན་ཐེབས་བཞིན་ཡོད། སློབ་གསོ་མཁས་ཅན་ཁ་མེའུ་ཉིག་སུ་ལགས་ཀྱིས་གསུང་བ་ལྟར“ཕྲུ་གུ་ནི་དཀར་གཙང་གི་ཤོག་བུ་ཞིག་དང་འདྲ་ཞིང་ཤོག་བུའི་སྟེང་དུ་རི་མོ་ཅི་འདྲ་ཞིག་བྲིས་པ་ཡིན་ན་དེ་འདྲ་བའི་གཟུགས་དབྱིབས་ཞིག་འབྱུང་སྲིད་པ་ཡིན”ཞེས་པ་ལྟར་ཕྲུ་གུའི་དུས་སུ་ཐེབས་པའི་སློབ་གསོའི་བག་ཆགས་སམ་ཤུགས་རྐྱེན་དེ་ནི་མི་ཞིག་གི་མི་ཚེ་ཧྲིལ་པོའི་ཁྲོད་ཆེས་བརྗེད་དཀའ་བ་དང་ཤུགས་རྐྱེན་ཆེས་ཆེ་བ་ཞིག་ཡིན་པས་ཁྱིམ་ཚང་སློབ་གསོ་གཙུགས་ཆེན་དུ་འཛིན་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད།

དེང་རབས་སློབ་གསོ་འཕེལ་རྒྱས་སོང་བ་དང་བསྟུན་ནས། བོད་མིའི་ཁྱིམ་ཚང་སློབ་གསོ་ལ་ཡང་འགྱུར་བ་ངེས་ཅན་འགྲོ་བཞིན་ཡོད། སྤྱིར་ཁྱིམ་ཚང་སློབ་གསོ་ལ་གོ་བ་ལེན་སྟངས་མི་འདྲ་བ་དུ་མ་ཡོད་དེ། དེ་ལས་ཁྱིམ་ཚང་སློབ་གསོར་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་བ་ལེན་སྟངས་གཉིས་སུ་དབྱེ་ཆོག སྒྲ་ཡངས་འཇུག་གི་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་ཕ་མ་དང་བུ་ཕྲུག་ཕན་ཚུན་དབར་ཐེབས་པའི་སློབ་གསོའི་སྣང་ཚུལ་ལ་བརྗོད་པ་ཡིན་ལ། དེ་ནི་ཕ་མ་དང་བུ་ཕྲུག་གཉིས་དབར་གྱི་ཕྱོགས་གཉིས་མཉམ་འགུལ་གྱི་བརྒྱུད་རིམ་ཞིག་ཡིན། སྒྲ་དོག་འཇུག་གི་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་ཕ་མ་དང་ལོ་ན་རྒན་པའི་ཁྱིམ་ཚང་གི་ཁོངས་མི་གཞན་དག་གིས་རང་རྟོགས་དང་བསམ་བཞིན་དུ་ཁྱིམ་ཚང་གི་ཁོར་ཡུག་ཁྲོད་བུ་ཕྲུག་ལ་སློབ་གསོ་གཏོང་བ་ལ་གོ། དེ་ནི་ཕྱོགས་གཅིག་གི་བརྒྱུད་སྤྲོད་བརྒྱུད་རིམ་ཞིག་ཡིན། རྩོམ་འདིར་བརྗོད་པའི་ཁྱིམ་ཚང་སློབ་གསོ་ནི་གཙོ་བོ་སྒྲ་དོག་འཇུག་གི་ཁྱིམ་ཚང་སློབ་གསོ་ཞེས་པ་དེ་ཡིན།

གཅིག བོད་ཀྱི་ཁྱིམ་ཚང་གྲུབ་ཚུལ་གྱི་ཁྱད་ཆོས།

བོད་ཀྱི་ཁྱིམ་ཚང་གི་གྲུབ་ཚུལ་གཙོ་བོ་ནི་གཞི་ཆེན་གྱི་རྣམ་པ་ཡིན་པ་སྟེ།ཕ་མ་དང་བུ་ཕྲུག་མཉམ་དུ་སྡོད་ཅིང་།སྤོ་བོ་དང་རྨོ་བོ། ཕུ་ནུ་མིང་སྲིང་སོགས་གཉེན་ཉེ་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཁྱིམ་ཚང་གི་གྲུབ་ཚུལ་འདིས་ཁྱིམ་ཚང་གི་ཁོངས་མིའི་བར་གྱི་བརྩེ་དུང་སྤེལ་རེས་དང་རོགས་རེས་མཉམ་ལས་ལ་ཕན་ཐོགས་ཡོད་ལ། ཁྱིམ་ཚང་གི་སློབ་གསོ་ལག་བསྟར་བྱེད་པར་ཡང་ཕན་ཐོགས་ཡོད། བོད་དུ་ཁྱིམ་ཚང་གི་ཁོངས་མིའི་བར་གྱི་འབྲེལ་བ་ཧ་ཅང་འཆམ་མཐུན་ཡིན་ཞིང་། རྒན་བཀུར་ཆུང་བྱམས་དང་ཕ་མར་སྲི་ཞུ་སྒྲུབ་རྒྱུ་ནི་ཁྱིམ་ཚང་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན།

གཉིས། ལས་རྒྱུ་འབྲས་ཀྱི་ལྟ་བ།

བོད་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་ཀུན་ཏུ་ནང་བསྟན་སྲོག་ཤིང་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློས་ཁྱབ་ཡོད་དེ། བོད་མི་རྣམས་ཀྱིས་རྒྱུན་པར་ལས་རྒྱུ་འབྲས་ཀྱི་གནས་ལུགས་སེམས་སུ་བཏགས་ཡོད། ཕ་མ་དང་རྒན་རབས་པས་རྒྱུན་པར་བུ་ཕྲུག་ཚོར་སྐྱེ་བ་འདིར་ལས་དཀར་ནག་ཅི་བྱས་རང་ལ་སྨིན་ངེས་པས་རྒྱུན་པར་བསམ་པ་བཟང་པོ་བྱེད་དགོས་པའི་གནས་ལུགས་བུ་ཕྲུག་དག་གི་རྒྱུད་ལ་འཇོག་ལ། ཆུང་དུས་ནས་དེ་ལྟ་བུའི་རིག་གནས་དང་སློབ་གསོའི་བག་ཆགས་རང་སོ་སོའི་རྒྱུད་ལ་འབྱོར་ཡོད་པས། དེས་མི་རབས་ནས་མི་རབས་བར་ཤུགས་རྐྱེན་ཐེབས་ནས་རྒྱུན་པར་བསམ་པ་བཟང་པོ་དང་ལས་བཟང་པོ་བསྒྲུབ་པར་འབད་པ་ནི་བོད་རིགས་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན། ཆུང་དུས་སུ་རྒྱུད་ལ་འབྱོར་བའི་སློབ་གསོའི་ཤུགས་རྐྱེན་འདིར་སློབ་གསོ་རིག་པའི་ཁྲོད་དུའང་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། ཕྲུ་གུའི་དུས་སུ་བཞག་པའི་བག་ཆགས་ནི་མི་ཚེ་ཧྲིལ་པོར་བརྗེད་དཀའ་བ་ཡིན་ཞེས་བཤད་བཞིན་ཡོད། གཞན་ཡང་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན་ཞེས་ཕ་མས་ནམ་ཡང་བསམ་པ་བཟང་པོ་བྱེད་དགོས་པའི་སློབ་གསོ་གཏོང་བཞིན་ཡོད། མི་གཞན་ལ་བྱམས་བརྩེའི་བསམ་བློ་འཆང་དགོས་པ་ལས་མི་སུ་ལ་ཡང་མཐོང་ཆུང་དང་བརྙས་བཅོས་བྱེད་མི་རུང་པའི་སློབ་གསོ་བྱེད་བཞིན་ཡོད། ལས་རྒྱུ་འབྲས་བརྩི་སྲུང་བྱེད་དགོས་པའི་སློབ་གསོའི་བག་ཆགས་དེ་དག་གིས་ཆུང་ཕྲུ་གུའི་དུས་ནས་མི་དེའི་སེམས་རྒྱུད་ལ་བྱམས་དང་བརྩེ་བ་ཞེས་པའི་བློ་ཞིག་སྦྱིན་ཐུབ་ཡོད་ལ། བློ་དེས་མི་ཞིག་གི་མི་ཚེ་གང་བོའི་ནང་རང་གི་ནང་རྒྱུད་ཀྱི་སེམས་པ་དེ་དུས་ནམ་ཡང་ཁེར་རྐྱང་དང་མགོན་མེད་སྐྱབས་བྲལ་ལྟ་བུའི་སྟོང་ལྷང་ངེར་ཡོད་པ་ཞིག་ཏུ་མི་གནས་པར། རྒྱུན་པར་དགའ་བ་དང་ཡར་བརྩོན། མི་གཞན་པར་རོགས་རམ་བྱེད་པར་སྤྲོ་བའི་རང་གཤིས་ཤིག་རང་བཞིན་གྱིས་གྲུབ་ཡོད།

གསུམ། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ།

ལྟོས་བཅས་ཀྱིས་བོད་ཀྱི་བྱིས་པ་དག་གི་སེམས་ཁམས་བདེ་ཐང་གི་ཆུ་ཚད་མཐོན་པོ་ཡོད་ལ་དེ་ཡང་བོད་ཀྱི་ས་ཆ་ཆགས་སའི་ཁོར་ཡུག་དང་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་འབྲེལ་བ་ཡོད་དེ།ནང་བསྟན་མཚན་ཉིད་རིག་པའི་ཤུགས་རྐྱེན་འོག་བྱ་དངོས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་ཐུབ་སླ་བས་མིག་རྒྱང་རིང་བོའི་སྒོ་ནས་གནད་དོན་དག་ལ་འཇུག་ཐུབ། སྡིག་པ་ཅི་ཡང་མི་བྱ་ཞིང་།དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཅེས་པ་ལས་བོད་མིས་ཅི་ཐུབ་གང་ཐུབ་ཏུ་སྡིག་པའི་ལས་ལ་འཛེམ་པ་དང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་ཆགས་ཡོད་དེ། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལ་ཚེ་སྲོག་ལྡན་པར་སྣང་བའི་འདུ་ཤེས་ཤིག་ཆགས་ཡོད་ལ་འགྲོ་བ་རིགས་དྲུག་འདྲ་མཉམ་ཡིན་པའི་འདུ་ཤེས་བརྟན་པོ་ཡོད། ཐ་ན་རྩྭ་དང་རྩི་ཤིང་ཀུན་ལའང་ཚེ་སྲོག་ཡོད་པའི་འདུ་ཤེས་ཡོད་པ་ནི་བོད་མིའི་ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་ཁྲོད་འདུ་ཤེས་སུ་ཆགས་པའི་ནང་དོན་གལ་ཆེན་ཞིག་ཡིན། གཞན་བོད་ཀྱི་མེས་པོ་གོང་མ་དག་གི་བློ་གྲོས་ལས་བྱུང་བའི་སྣོད་བཅུད་དོ་མཉམ་གྱི་བསམ་བློ་ཡང་ནང་དུ་འདུ་སྟེ་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་མི་གཏོང་བ་སོགས་ཀྱི་བསླབ་བྱ་མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ལ། དེང་རབས་སྐྱེ་ཁམས་རིག་པ་དང་སྲོག་ཆགས་རིག་པ་དག་གིས་འབོད་སྐུལ་བྱེད་བཞིན་པ་དེ་ང་ཚོའི་མེས་པོ་རྣམས་ཀྱིས་གནའ་སྔ་མོ་ནས་ཤེས་ཡོད་པར་མ་ཟད་བུ་རབས་ཚ་རྒྱུད་ལ་དངོས་བརྒྱུད་གང་རུང་ནས་དེའི་སྐོར་གྱི་སློབ་གསོ་གཏོང་བཞིན་ཡོད།

བཞི། ཨ་མའི་སློབ་གསོ་གཙོ་ཆེ་བ།

འབྲོག་ཁུལ་ཕལ་ཆེ་བར་བུད་མེད་ནི་ཁྱིམ་ཚང་གི་གདུང་འདེགས་ལྟ་བུ་ཡིན་ལ། ཨ་མ་ནི་བུ་ཕྲུག་གི་འཚོ་བའི་བདག་སྐྱོང་པ་དང་བསམ་བློའི་སྣེ་འདྲེན་པ་ཡིན། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པས་མི་རིགས་ཤིག་གི་སྤུས་ཚད་མཐོ་རུ་གཏོང་དགོས་ན་ཐོག་མར་ཨ་མ་གཤིས་བཟང་བསམ་བློ་ཅན་དང་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་གསུངས་ཡོད་ལ། སྙན་ངག་པ་ཀོར་ཅིས་ཀྱང“ཨ་མ་མེད་ན་སྙན་ངག་པ་མེད་ལ་དཔའ་རྒོད་ཡང་མེད”ཅེས་གསུངས་ཡོད་པས་ཨ་མའི་སློབ་གསོ་ནི་ཁྱིམ་ཚང་སློབ་གསོའི་ཁྲོད་ཧ་ཅང་གལ་ཆེན་ཡིན་པ་ཤེས་ཐུབ། དེ་ཡང་ཕྱོགས་མང་པོ་ནས་ཨ་མ་དེ་ཕྲུ་གུ་དང་འགྲོགས་པའི་དུས་ཡུན་རིང་ལ་ཨ་མས་བུ་ཕྲུག་ལ་ཐེབས་པའི་ཤུགས་རྐྱེན་ཡང་དེ་བཞིན་ཆེ། དེར་བརྟེན་ཨ་མའི་སློབ་གསོ་གཙིགས་ཆེར་འཛིན་རྒྱུ་གལ་ཆེ་ལ།བོད་རིགས་བུད་མེད་ཀྱི་ཁྱིམ་ཚང་སློབ་གསོའི་ལྟ་བ་འཛུགས་པ་དང་བོད་རིགས་བུད་མེད་ཀྱི་ཁྱིམ་ཚང་གི་གོ་གནས་མཐོར་འདེགས་གཏོང་བར་བསྐུལ་བ། བོད་རིགས་བུད་མེད་ཀྱི་སྤྱི་ཚོགས་དང་ཁྱིམ་ཚང་གོ་གནས་མཐོར་འདེགས་བྱུང་ཚེ་ད་གཟོད་ཁྱིམ་ཚང་སློབ་གསོའི་ཁྲོད་ནུས་པ་གལ་ཆེན་འདོན་ཐུབ།

ལྔ། གཏམ་རྒྱུད་སློབ་གསོའི་ལྟ་བ།

བོད་མི་དམངས་ནི་གཏམ་རྒྱུད་ལ་ཉན་པར་དགའ་བའི་མི་རིགས་ཤིག་ཡིན་ལ་དུས་ཡུན་རིང་པོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཡིད་སེམས་འགུག་པའི་གཏམ་རྒྱུད་སྣ་ཚོགས་ངག་ནས་ངག་བརྒྱུད་དེ་བྱིས་པ་རྣམས་ལ་བཤད་པ་དང་། རིམ་གྱིས་ཁྱིམ་ཚང་ཁྲོད་མེད་དུ་མི་རུང་བའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  གཏམ་རྒྱུད་མང་པོ་ཞིག་གི་བརྗོད་བྱ་དང་བསྟན་དོན་གྱིས་དངོས་བརྒྱུད་གང་རུང་ནས་བྱིས་པ་ཚོའི་ཀུན་སྤྱོད་སློབ་གསོར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། དཔེར་ན་ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཅེས་པའི་གཏམ་རྒྱུད་གྱིས་ཕ་མར་སྲི་ཞུ་མི་བསྒྲུབ་ཅིང་ཕ་མའི་རྒྱུ་ནོར་ལ་ཧམ་སེམས་འཆང་བའི་བྱ་སྤྱོད་སྐྱུག་བྲོ་བའི་རིགས་ལ་ཟུར་ཟ་བྱས་པ་བརྒྱུད་ནས། ཕ་མས་བུ་ཕྲུག་གསོ་སྐྱོང་བྱེད་རྒྱུ་དང་བུ་ཕྲུག་གིས་ཕ་མར་སྲི་ཞུ་སྒྲུབ་པ་ནི་འཇིག་རྟེན་གྱི་ལུགས་དང་མཐུན་པའི་མི་ཆོས་བཟང་པོ་ཞིག་ཡིན་པ་བསྟན་ཡོད། ད་དུང་བོད་སྤྱི་ཡོངས་ལ་གྲགས་པའི་ཨ་ཁུ་སྟོན་པའི་སྒྲུང་དང་ཨ་རིག་གླེན་པ། སྣང་ས་འོད་འབུམ་དང་གཟུགས་ཀྱི་ཉི་མ་སོགས་ཟློས་གར་ཆེན་པོ་བརྒྱད་ལྟ་བུའི་གཏམ་རྒྱུད་དང་དམངས་ཁྲོད་གཏམ་རྒྱུད་མང་པོ་ཞིག་གིས་བུ་ཕྲུག་ལ་བཟང་ཕྱོགས་ཀྱི་མི་སྣ་ལྟར་ཆུང་དུས་ནས་ཡ་རབས་ཀྱི་ལས་ལ་འབད་དགོས་པར་བསྐུལ་བ་དང་།ངན་ཕྱོགས་ཀྱི་མི་སྣར་སློབ་སྦྱོང་བྱེད་མི་རུང་པའི་སློབ་གསོ་བཏང་ཡོད། དེ་ལྟར་གཏམ་རྒྱུད་ཀྱིས་ཡང་དག་པའི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་ཆགས་པར་ནུས་པ་གལ་ཆེན་ཐོན་དང་ཐོན་བཞིན་ཡོད།

མདོར་ན།བོད་ཀྱི་ཁྱིམ་ཚང་སློབ་གསོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་སྟེ།ཁྱིམ་ཚང་གི་གྲུབ་ཚུལ་ནི་གཞི་ཆེན་གྱི་རྣམ་པ་གཙོ་བོར་བྱེད་པ་དང་།ཁྱིམ་ཚང་སློབ་གསོའི་འདུ་ཤེས་ལ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་པས། ཀུན་སྤྱོད་སློབ་གསོ་དང་ལག་ལེན་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད། ཁྱིམ་ཚང་གི་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་པོ་དང་སྣ་མང་ཡིན་ཞིང་། དེའི་ནང་ཀུན་སྤྱོད་སློབ་གསོ་དང་ཆོས་ལུགས་སློབ་གསོ། རིག་གནས་སློབ་གསོ། འཚོ་བའི་རྩལ་ནུས་སློབ་གསོ་སོགས་ཚུད་ཡོད། ཁྱིམ་ཚང་གི་སློབ་གསོ་གཏོང་སྟངས་གཙོ་བོ་ནི་གཏམ་སྤྱོད་དང་གཏམ་རྒྱུད་སློབ་གསོ། ལག་ལེན་སློབ་གསོ། ཐུན་མོང་སློབ་གསོ་སོགས་ཡོད། བོད་ཀྱི་ཁྱིམ་ཚང་སློབ་གསོ་དང་རིག་གནས་དབར་འབྲེལ་བ་དམ་ཟབ་ཡོད་པས་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号