མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་རིག་གཞུང་དཔེ་ཚོགས་ལས་དེབ་གསར་གཉིས་འགྲེམས་སྤེལ་བྱས་འདུག

མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་རིག་གཞུང་དཔེ་ཚོགས་ལས«དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་འབུམ»དང«ལམ་རིམ་བླ་བརྒྱུད་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཀྱི་འགྲེལ་བ་རྒྱལ་སྲས་གཞུང་ལམ»ཞེས་པའི་དེབ་གཉིས2024ལོའི་ཟླ5པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

«དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་འབུམ»(པོད2)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2024ལོའི་ཟླ5པ།

«ལམ་རིམ་བླ་བརྒྱུད་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཀྱི་འགྲེལ་བ་རྒྱལ་སྲས་གཞུང་ལམ»ཨ་ལག་ཤ་ཞབས་དྲུང་འཇམ་དབྱངས་བསྟན་འཕེལ་ཉི་མས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2024ལོའི་ཟླ5པ།

«དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་འབུམ»དེབ་སྤུས་ལེགས་མ།
སྔོན་དུ་འགྲོ་བའི་གཏམ།

དགེ་བའི་བཤེས་གཉེན་ཆེན་མོ་དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ1890ལོར་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ཡ་གྱལ་རྩེ་ཁོག་དཔྱི་ས་སྡེ་བའི་མཛོད་སྲུང་ཁྱུང་རྩེ་ཡི་མདུན་ཞོལ་དུ་བཱ་ཡན་གོང་ཤོར་གྱི་རུས་སུ་ཡབ་བློ་བཟང་ཚེ་རིང་དང་ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

རྗེ་དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ།(1890-1959)

དགུང་ལོ་དྲུག་པར་ཁུ་བོ་སྲེ་ལི་ལས་ཀློག་དང་ཆོས་སྤྱོད་བསླབས། དགུང་ལོ་བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་དཔྱི་ས་བན་བརྒྱའི་གྲྭ་གྲལ་དུ་ཞུགས། དགུང་ལོ་བཅུ་པར་ཀིརྟི་བློ་བཟང་འཕྲིན་ལས་རེབ་གོང་ཕྱོགས་སུ་ཕེབས་པ་ལས་བཀའ་ཆོས་མང་དུ་གསན། དགུང་ལོ་བཅོ་ལྔའི་སྟེང་བྲིས་དང་སུམ་རྟགས་དག་གསུམ་སོགས་ལ་བྱང་བར་མཛད། དགུང་ལོ་བཅུ་བདུན་པར་རྫོང་སྔོན་བློ་གྲོས་ཚང་ལས་བཀའ་ཆོས་མང་པོ་གསན། དགུང་ལོ་བཅོ་བརྒྱད་པར་རྫོང་དཀར་དུ་ཕེབས་ཏེ་གཙང་དགེ་བཤེས་ལས་སྔ་ཕྱིར་དཔེ་ཁྲིད་མང་དུ་གསན། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་དབང་ལུང་ཁྲིད་མན་ངག་སོགས་གང་མང་ཐོབ། གྲུབ་དབང་རི་སྒོམ་ཆོས་དཔལ་རྒྱ་མཚོ་ལས་ཀུན་བཟང་བླ་མའི་ཞལ་ལུང་དང་ལམ་རིམ་བློ་སྦྱོང་སོགས་ལ་གསན་བསམ་མཛད།

དགུང་ལོ་བཅུ་དགུ་པར་རྗེ་རི་སྒོམ་པའི་ཐུགས་བཀོད་ལྟར་ཆོས་གྲོགས་དཔྱི་ས་འོད་ཟེར་དང་ལྷན་དུ་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས། དགུང་ལོ་ཉི་ཤུ་པར་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་བསྙེན་པར་རྫོགས། དེ་ནས་བཟུང་དྷཱི་ཚ་དགོན་དུ་དགེ་བཤེས་བྱམས་པ་བློ་བཟང་རྒྱ་མཚོ་དང༌། མཛོད་དགེ་སེམས་དཔའ་བློ་བཟང་རྒྱ་མཚོ། ཧོར་ཆེན་ཡེ་ཤེས་རྒྱ་མཚོ། རྗེ་བཙུན་གྲགས་པ་རྒྱ་མཚོ། འདུལ་འཛིན་འཇམ་དབྱངས་རྒྱ་མཚོ། སྐུ་མཆེད་བསྟན་པ་རབ་རྒྱས་སོགས་བཤེས་གཉེན་མང་པོ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་མང་པོར་ཐུགས་གཉེར་མཛད། 

དགུང་ལོ་བཞི་བཅུ་པ་སྟེ་སྤྱི་ལོ1929ལོར་ཀ་རིང་ཨེ་ཝཾ་རི་ཁྲོད་དུ་ཕེབས། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མཚན་ཞབས་པ་ཆེན་མོ་དང་ཞབས་དྲུང་ཆེན་མོའི་ཐུགས་འགན་གཅིག་ལྕོགས་སུ་བཞེས། དྲང་ངེས་འགྲེལ་ཆེན་དང་རྟོག་བདུན་རྒྱུད་འགྲེལ་ཆེན་མོ་སོགས་བརྩམས་ཆོས་ཆེན་མོ་རྣམས་རྩོམ་པ་ལ་རོགས་དན་རྩོམ་ཞབས་པའི་ཞབས་ཞུ་གང་ལེགས་མཛད་ཚུལ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་རྩོམ་དུ་མའི་སྦྱར་བྱང་དུ་ཟླ་མཛེས་དཔལ་གྱི་སྙེ་མའམ་ཀུན་ཕན་ཡིད་བཞིན་དབང་པོ་སོགས་མཚན་གྱི་རྣམ་གྲངས་དུ་མས་གསལ། སྲིད་ཞིར་དཀོན་ཞིང་འདོད་པ་འཇོ་བའི་མཆོག །རིག་པ་རྒྱ་དང་ཕྱོགས་ཀྱིས་མ་ཕྱེ་བར། །བློ་གྲོས་མྱ་ངན་མེད་པའི་གོམ་འགྲོས་ཅན། །རྒྱ་མཚོ་ས་ལ་འཁྱིལ་འདྲའི་པཎ་ཆེན་ཡོད། །ཅེས་བསྔགས་བརྗོད་གནང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རིམ་ལྔ་གསལ་སྒྲོན་གྱི་དཀའ་འགྲེལ་རྩོམ་འཕྲོར་ལུས་པ་ཤར་སྐྱབས་མགོན་བདུན་པ་ཆེན་པོས་བཀས་བསྐུལ་བ་བཞིན་རྗེ་འདི་བས་མཇུག་གྲུབ་པར་མཛད། མཁས་དབང་ཚེ་ཏན་ཞབས་དྲུང་ལ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་སྐུ་བསྟོད་ཚིགས་བཅད་མ་དང་རྣམ་ཐར་ཆེན་མོ་མཛད་པར་ཐུགས་བཀོད་མཛུབ་སྟོན་གནང་བའི་ཚུལ་སོགས་ནི་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ཁོང་པའི་རང་རྣམ་དུ་གསལ།

དང་པོ་ཁོང་པའི་མཚན་ལ་དཀོན་མཆོག་བློ་གྲོས་ཞེས་ཞུ་བ་ལ་ཕྱིས་སུ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་བློ་གྲོས་རྒྱ་མཚོ་ཞེས་གསོལ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་གཉི་ག་གཅིག་ཏུ་བསྒྲིལ་ཏེ་དཀོན་མཆོག་བློ་གྲོས་རྒྱ་མཚོ་ཞེས་པའི་མཚན་བསྩལ། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་ཡུལ་མདོ་སྨད་ཀྱི་དཔའ་བོ་དྲུག་སྡེའི་ནང་ཚན་སྨྲ་བའི་དབང་ཕྱུག་ཟླ་མཛེས་དཔལ་གྱི་སྙེ་མ་ཞེས་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་མདོ་སྨད་བྱང་རྒྱུད་ཀྱི་དཔལ་ནཱ་ལེནྡྲ་ཆེན་པོ་ནས། སྐྱེས་སྦྱངས་ཀྱིས་ཐོབ་པའི་ཤེས་རབ་ཆེ་བ། གཞུང་ལུགས་འབུམ་དགུས་མགྲིན་པ་མཛེས་པ། མཁས་པ་ཆེན་པོའི་རྒྱལ་ཐབས་ཟིན་པ། དགེ་བའི་བཤེས་གཉེན་དཔྱི་སའི་བློ་གྲོས་རྒྱ་མཚོ་ཞེས་གསུངས་པ་སོགས་མཁས་དབང་དུ་མས་བསྟོད་བསྔགས་དང་གདེང་འཇོག་བླ་མེད་གནང་བའི་ཚུལ་ནི་ཁོང་རྣམ་པའི་གསུང་རྩོམ་དུ་གསལ།

«དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་འབུམ»གྱི་དཀར་ཆག

སྤྱི་ལོ1947ལོར་ཁོང་ལ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོའི་ཕྱག་འཕྲིན་འབྱོར་ཏེ་སྐུའི་གཅུང་པོ་ཁྲི་རྒན་འཇམ་དབྱངས་འཕྲིན་ལས་དབང་པོའི་ཡོངས་འཛིན་མཛད་དགོས་པའི་གསུང་ནན་བསྩལ། དེ་ནས་ཁོང་རེབ་གོང་དུ་ཕེབས་ཤིང་མཆོག་སྤྲུལ་འཇམ་དབྱངས་འཕྲིན་ལས་དབང་པོ་གཙོ་བྱས་པའི་དོན་གཉེར་ཅན་རྣམས་ལ་ལེགས་བཤད་གསེར་ཕྲེང་དང་རྒྱན་འགྲེལ་སྤྱི་དོན་རོལ་མཚོ་གུང་བསྒྲིགས་པའི་ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་གནང་།

སྤྱི་ལོ1948ལོར་རེབ་གོང་སྔགས་མང་གི་ཁྲི་ཟུར་རི་སྒོམ་དཀོན་མཆོག་བསྟན་འཛིན་ཆོས་འཕེལ་དང་དཔྱི་སའི་དཔོན་པོ་དབང་ཆེན་བསམ་འགྲུབ་གཉིས་ཀྱིས་རྗེ་འདི་པ་ཕྱིར་རང་ཡུལ་དཔྱི་ས་རུ་གདན་དྲངས། ཡུལ་སྡེ་འདིར་དགོན་པ་ཞིག་དགོས་ཚུལ་གྱི་ཞུ་སྐུལ་ནན་ཆེར་ཕུལ་བ་ཞལ་བཞེས་གནང་། རྗེ་ཉིད་དགུང་གྲངས་དྲུག་ཅུ་བཞེས་པ་སྤྱི་ལོ1949ལོར་དཔྱི་ས་བན་བརྒྱའི་ཆེ་གྲས་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཏེ་དཔྱི་ས་དགོན་བཀའ་གདམས་དགེ་བྱེད་གླིང་ཕྱག་བཏབ། སྤྱི་ལོ1950ལོ་ནས1951ལོའི་བར་ལ་དགོན་པའི་འདུ་ཁང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་པར་གྲུབ། སྤྱི་ལོ1953ལོར་དགེ་བའི་བཤེས་གཉེན་ཆེན་མོ་སྐུ་དབོན་བཀྲ་ཤིས་ཚང་འདུས་སྤྱིའི་སློབ་དཔོན་དུ་བསྐོ་བཞག་གིས་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་བཙུགས། ལམ་རིམ་སོགས་དཔེ་ཁྲིད་གནང་དུ་བཅུག །བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་དགོན་འདིར་ཆེད་ཞུས་ཀྱིས་རྒྱལ་བའི་བཀའ་འགྱུར་གྱི་ལུང་རྒྱུན་དྲི་མ་མེད་པ་སྤེལ། ཁོང་གིས་བསྟན་འགྱུར་དང་། འཇམ་མགོན་བླ་མ་ཡབ་སྲས་དང་དབེན་ས་པ་ཡབ་སྲས་སོགས་རྒྱ་བོད་མཁས་གྲུབ་དུ་མའི་གསུང་འབུམ་གྱི་ལུང་རྒྱུན་ཡོངས་སུ་རྫོགས་པ་ལོ་དགུའི་རིང་ལ་བསྩལ་པས་ཆོས་སྡེ་འདི་ཉིད་དབང་ལུང་མན་ངག་གིས་ཀུན་ནས་ཕྱུག་པར་གྱུར། ཆོས་སྡེ་འདི་ཕྱི་ནས་འཇིག་པར་གྱུར་མོད་བསྟན་པ་ཡང་དར་གྱི་སྐབས་སུ་སླར་གསོ་མཛད་དེ་ད་ལྟ་འཁོར་ལོ་གསུམ་གྱི་བྱ་བ་ཡར་ལྡན་དུ་འཕེལ་བཞིན་འདུག 

རོང་བོ་དགོན་དང་། རྔ་བ་ཀིརྟི་དགོན། སེང་གེ་གཤོང་དགོན། རྡོ་སྦིས་གདོང་སྣ་དགོན། རྡོ་རྗེ་རྫོང་དགོན། རྫོང་དཀར་དགོན། དར་ཞིང་དགོན། སོ་ནག་དགོན་སོགས་སུ་ཟབ་ཆོས་ཀྱི་བདུད་རྩི་མང་དུ་གནང་།

རྗེ་འདི་པ་སྐུ་ན་ཆུང་ངུའི་དུས་ནས་མདོ་སྨད་ལྷོ་རྒྱུད་ཀྱི་སྒྲུབ་བརྒྱུད་བསྟན་པའི་བདག་པོ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དྲུག་པ་བློ་བཟང་འཕྲིན་ལས་རྒྱ་མཚོ་དང་། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། ཡོངས་འཛིན་བློ་བཟང་དཔལ་ལྡན། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སོགས་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་གི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ཐམས་ཅད་ལ་སྦྱངས་པ་མཐར་ཕྱིན་པ་གནང་བས་མཁས་པའི་གོ་འཕང་མཐོན་པོར་སོན། ཆེན་པོ་དུ་མས་གཙུག་ཏུ་བཀུར་ནའང་ལྟོ་གོས་གཏམ་གསུམ་གྱོང་ལ་བསྐུར་ཏེ་དམན་ས་ཁོ་ན་བཟུང་། མཁས་པའི་ང་རྒྱལ་ཏིལ་འབྲུ་ཙམ་མེད། རི་ཁྲོད་པའི་ཚུལ་དུ་བཞུགས་ནས་ཉམས་ལེན་རྡོ་རུས་ཐུག་པ་མཛད། མཁས་བཙུན་བཟང་གསུམ་གྱི་སྙན་པ་ཕྱོགས་སུ་ཁྱབ།

སྤྱི་ལོ1958ལོར་སྐྱོན་འདོགས་བསྙོན་འཛུགས་ཀྱིས་རྩེ་ཁོག་རྫོང་གི་བཙོན་དང་དེ་ནས་རྒྱ་ཐང་གི་བཙོན་དུ་བཅུག །སྤྱི་ལོ1959ལོའི་ཧོར་ཟླ་བདུན་པའི་ཚེས་དྲུག་ཉིན་ཟི་ལིང་གྲོང་ཁྱེར་གྱི་ཞའོ་ཞ་སྨན་ཁང་དུ་སྐུ་གཤེགས།

རྗེ་འདི་པར་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དང་། རྫོང་དཀར་ཆེ་བ་འཇིགས་མེད་ཤེས་རབ་གྲགས་པ། སྐུའི་གཅུང་བོ་བྱ་བཏང་བ་ཨ་ཁུ་བཀྲ་ཤིས་ཚང་། ཁྲི་ཆེན་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ། ཁ་སོ་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་འཇིགས་མེད་འཕྲིན་ལས། བྱང་རྩེ་མཁན་པོ་དགེ་འདུན་བཟང་པོ། ཁྲི་ཆེན་འཇམ་དབྱངས་འཕྲིན་ལས་དབང་པོ། ལྷ་སྡེ་ཨ་ཁུ་རྗེ་དགེ་འདུན་བསྟན་འཛིན་རྒྱ་མཚོ། སེམས་དཔའ་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་བླ་བྲང་ཨ་ཁུ་སྦྱིན་པ་ཚང་། རི་སྒོམ་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་ཆོས་འཕེལ། སྒྲོ་ཚང་སྤྲུལ་སྐུ་བྱ་བཏང་བློ་བཟང་སྦྱིན་པ། བཟང་པོའི་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་རྒྱལ་མཚན། ནང་སོ་སྐུ་སྐྱེས། སྟག་ཡན་དགེ་འདུན་རྒྱ་མཚོ། བློ་བཟང་མཁྱེན་རབ་བམ་བློ་བཟང་ལ། འཇའ་མོའི་ཨ་ཁུ་དགེ་འདུན་ཆོས་འཕེལ། པཎ་ཆེན་བཅུ་པའི་ཡབ་ཆེན་གུར་མགོན་ཚེ་བརྟན། བཀའ་འགྱུར་པ་བསྟན་པའི་རྒྱལ་མཚན། གླིང་རྒྱའི་བླ་མ་ཚེ་རིང་། ཉེ་གནས་དམ་པ་ཤ་བོ་ཐར། སྔགས་འཆང་ལྷ་མོ་སྐྱབས་སོགས་གསར་རྙིང་གཉིས་གའི་བུ་སློབ་མཁས་པ་ཤིན་ཏུ་མང་།

རྗེ་འདི་པར་མདོ་སྔགས་རིག་གནས་དང་བཅས་པ་ལས་བརྩམས་པའི་གསུང་ཆོས་ཅི་སྙེད་ཅིག་མཆིས་མོད་དུས་འགྱུར་གྱི་དབང་གིས་མང་པོ་ཞིག་འཐོར་གྱར་དུ་སོང་། དེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི་གསུང་རྩོམ་ལག་ཏུ་གང་སོན་རྣམས་སྤྱི་ལོ1997ལོར་གསུང་འབུམ་པོད་གཅིག་ཏུ་བྱས་ནས་དཔེ་སྐྲུན་བྱས། དེ་རུ་ཆབ་ཤོག་དང་མཎྜལ་བཤད་པ་སོགས་ཀྱི་སྐོར་ཆོས་ཚན་གཅིག་དང་། གསུང་ཐོར་བུའི་སྐོར་ཆོས་ཚན་གཅིག་ཏུ་བྱས་ཏེ་ཁྱོན་བསྡོམས་ཆོས་ཚན་བཅུ་གཅིག་བཞུགས།

ད་རེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མཐོ་སྒང་ཚན་རིག་གླིང་གི་གནའ་དཔེ་འཚོལ་སྡུད་དང་ཞིབ་འཇུག་ཚོགས་པས་ཁོང་གི་གསུང་འབུམ་ཡང་བསྐྱར་དཔེ་སྐྲུན་བྱེད་རྒྱུར་དགེ་མཚན་ཆེ་བར་མཐོང་ཞིང་། དཔྱི་ས་དགོན་བཀའ་གདམས་དགེ་བྱེད་གླིང་ལའང་དེ་འདྲའི་རེ་འདུན་ཡོད་པ་གཞིར་བྱས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་རིག་གཞུང་དཔེ་ཚོགས་ལས་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཞིབ་འཇུག་དང་པར་སྐྲུན་འགྲེམས་སྤེལ་གྱི་ལས་གཞིའི་གྲས་སུ་བཞག་སྟེ། མི་སྣ་རྩ་འཛུགས་ཀྱིས་ཞུ་དག་ཐེངས་མང་པོ་དང་། ལུང་ཚིག་རྣམས་དང་པོ་གང་ལས་བྱུང་བའི་གཞུང་དངོས་ལ་ལེགས་པར་གཏུགས་ནས་དཔེ་སྐྲུན་བྱས།

རྗེ་དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོའི་གསུང་འབུམ་གསར་དུ་དཔེ་སྐྲུན་བྱས་པ་འདི་ཡིས་ཁོང་གི་གསུང་གི་འཕྲིན་ལས་ཡོངས་སུ་རྒྱས་ཏེ་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ཀྱི་བསྟན་པ་མི་ཉམས་པའི་གསོས་སུ་འགྱུར་བའི་སྨོན་འདུན་དང་། གསུང་འབུམ་ཞུ་སྒྲིག་ལས་བྱུང་བའི་ནོར་འཛོལ་གྱི་ཆ་ལ་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་ལེགས་བཅོས་ཀྱི་དགོངས་འཆར་ལྷུག་སྩོལ་གནང་རྒྱུའི་རེ་བ་ཞུའོ། །

ཨ་ལག་ཤ་ཏཱ་རེ་ཁེ་ཞབས་དྲུང་འཇམ་དབྱངས་བསྟན་འཕེལ་ཉི་མ།(1925-1999)

འཇམ་དབྱངས་བསྟན་འཕེལ་ཉི་མའམ་མཚན་གཞན་ཏཱ་རེ་ཁེ་ཞབས་དྲུང་དུ་གསོལ་བ་འདི་པ་ནི། སྤྱི་ལོ1925ལོར་ནང་སོག་ཨ་ལག་ཤ་པ་ཡན་པུ་རེ་ཏུ་པག་ཏུ་ཐོར་གོད་མེང་ཧི་པཱ་ཡར་གྱི་སྲས་སུ་སྐུ་འཁྲུངས། སྤྲུལ་བའི་སྐུ་རིན་པོ་ཆེ་ཨ་ཆི་ཐུའི་ཐུགས་བཀོད་ལྟར། བླ་མ་ཞལ་ཏ་བ་མཆོག་གིས་ཏཱ་རེ་ཁེ་དགོན་དངོས་གྲུབ་ཀུན་འབྱུང་གླིང་གི་ཞབས་དྲུང་གི་སྤྲུལ་སྐུར་ངོས་འཛིན་གནང་། སྐུ་ན་ཕྲ་མོའི་དུས་ནས་བཟུང་དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དབྱངས་བློ་གྲོས་ཞུ་བ་ཚུལ་བཞིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སོགས་བྱང་བར་སྦྱངས། སྤྱི་ལོ1930ལོར་གདན་སའི་ཁྲིར་བཀོད་ཅིང་མཚན་ལ་འཇམ་དབྱངས་བསྟན་འཕེལ་ཉི་མར་གསོལ། སྤྱི་ལོ1938ལོར་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཆོས་གྲྭར་ཞུགས་ཏེ་ལོ་ངོ་བཅུ་གསུམ་གྱི་རིང་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། སྐུ་འབུམ་དུ་བཞུགས་རིང་། པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དང་བཞུགས་སྒར་གཅིག་ཏུ་ཐོས་བརྩོན་གནང་། ཕན་ཚུན་ཆོས་ཀྱི་བགྲོ་བ་མང་དུ་མཛད་ཅིང་པཎ་ཆེན་རིན་པོ་ཆེར་མཚན་ཉིད་ཀྱི་ཞབས་ཞུ་སོགས་ཀྱང་ཕུལ།

ཕྱིས་སུ་ཁོང་དང་གྲྭ་པ་ལོ་གཞོན་བཅུ་གསུམ་དབུས་སུ་ཕེབས། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཐོས་བརྩོན་རྡོ་རུས་ཐུག་པ་གནང་སྟེ་དགེ་བཤེས་འབྲས་རམས་པའི་མཚན་བཏགས་བཞེས། སྤྱི་ལོ1951ལོའི་ཟླ9པར་ཁོང་དང་གྲྭ་པ་འགའ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་གནས་ཆེན་བརྒྱད་སོགས་ལ་མཆོད་མཇལ་དང་། སྤྱི་ལོ1952ལོར་བལ་ཡུལ་དུ་མཆོད་མཇལ་གནང་། སྤྱི་ལོ1957ལོར་ཕྱིར་སྐུ་འབུམ་བྱམས་པ་གླིང་དུ་ཕེབས། ཡང་བསྐྱར་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས། སྤྱི་ལོ1961ལོར་འཁྲུངས་ཡུལ་ཨ་ལག་ཤ་རུ་ཕེབས། དུས་འགྱུར་གྱི་སྐབས་སུ་ངལ་རྩོལ་བསྒྱུར་བཀོད་དུ་ཞུགས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་མཚན་གནས་སླར་གསོ་བྱུང་ཞིང་ཆོས་ཀྱི་བྱ་བར་ཞུགས། སྤྱི་ལོ1983ལོར་ཁོང་གིས་གཙོ་མཛད་དེ་ལྷ་སྡེའི་མི་དམངས་ཀྱི་རོགས་རམ་ལ་བརྟེན་ནས་ཨ་ལག་ཤ་ས་ཆའི་དགོན་པ་བཅོ་བརྒྱད་བསྐྱར་གསོ་དང་སློབ་མ་འབོར་ཆེན་བསྐྱེད་བསྲིང་གནང་། ཨ་ལག་ཤ་གཡས་དགོན་དགའ་ལྡན་བསྟན་རྒྱས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཇམ་དབྱངས་ཆོས་དབྱིངས་ལགས་སོགས་ཁོང་གི་སློབ་མ་དག་གིས་ད་ལྟའང་ཨ་ལག་ཤའི་ས་ཆ་མང་པོར་བསྟན་འགྲོའི་མཛད་ཁུར་འདེགས་བཞིན་མཆིས།

«ལམ་རིམ་བླ་བརྒྱུད་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཀྱི་འགྲེལ་བ་རྒྱལ་སྲས་གཞུང་ལམ»གྱི་དཀར་ཆག

སྤྱི་ལོ1986ནས་སྤྱི་ལོ1989ལོའི་བར་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་གདན་ཞུས་བཞིན། ཁོང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་ཕེབས་ནས་བོད་སོག་གི་བླ་སྤྲུལ་དང་སློབ་མ་དོན་གཉེར་ཅན་མང་པོ་བསྐྱངས། སྤྱི་ལོ1998ལོར་ཤར་ཀ་དགོན་ལ་མེ་སྐྱོན་ཆེན་པོ་ཐེབས་པ་ཁོང་གི་ཐུགས་བཀོད་དང་དངུལ་གྱི་འགྲོ་གྲོན། གཞན་གྱི་རོགས་དན་བཅས་ལ་བརྟེན་ནས་དགོན་པ་རྟེན་དང་བརྟེན་པར་བཅས་པ་ཞིག་གསོ་མཛད་པ་དེའི་ཕྱི་ལོ་ཡོངས་སུ་གྲུབ། སྤྱི་ལོ1999ལོའི་ཟླ9པའི་ཚེས10ཉིན་གསར་དུ་གྲུབ་པའི་ཤར་ཀ་དགོན་ལ་རབ་གནས་གནང་བ་སོགས་བསྟན་འགྲོར་སྨན་པའི་མཛད་པ་ཕྱག་ལས་མང་དུ་གནང་། ཁོང་གིས་སྔ་ཕྱིར་ཨ་ལག་ཤ་གཡོན་རུའི་ཤོག་གི་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཨ་ལག་ཤ་གཡོན་རུའི་ཤོག་གི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་བཞེས། དགུང་ལོ་དོན་ལྔ་པ་སྟེ་སྤྱི་ལོ1999ལོའི་ཟླ11པའི་ཚེས3ཉིན་སྐུ་གཤེགས། གསུང་རྩོམ་ལ་ལམ་མཆོག་སྒོ་འབྱེད་ཀྱི་འགྲེལ་པ་ཞེས་པ་འདི་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་སོག་འགྱུར་མ་སོགས་བཞུགས།

ཁོང་གིས་མཛད་པའི་ལམ་མཆོག་སྒོ་འབྱེད་ཀྱི་འགྲེལ་པ་ཞེས་པ་འདི་ནི་སྐུ་འབུམ་དཔར་མའི་རྗེ་ཙོང་ཁ་པའི་གསུང་འབུམ་པོད་ཁ་པ་རུ་བཞུགས་པའི་བཀའ་འབུམ་ཐོར་བུའི་ཆོས་ཚན་གསུམ་པ་བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་ལམ་མཆོག་སྒོ་འབྱེད་ཅེས་བྱ་བ་དེའི་འགྲེལ་བའོ། །

བཀའ་འབུམ་ཐོར་བུའི་ཆོས་ཚན་དང་པོ་ནི་རྗེས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པའི་གསོལ་འདེབས་དང་། ཆོས་ཚན་གསུམ་པ་ལམ་མཆོག་སྒོ་འབྱེད་ཅེས་པ་འདི་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པའི་གསོལ་འདེབས་ཡིན་ཞིང་། འདིའི་མཛད་བྱང་དུ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་དགོན་པ་གོང་དུ་དཔལ་ལྡན་ཨ་ཏི་ཤའི་སྐུ་དངོས་དང་ཁྱད་པར་མ་མཆིས་པའི་སྐུ་འདྲ་དབུ་ཡོན་མ་ཆེ་བར་གྲགས་པའི་སྤྱན་སྔར་ཡུན་རིང་དུ་གསོལ་བ་བཏབ་ནས་མཛད་པར་གསུངས་པ་ལས་གསུང་འདི་ཇི་འདྲའི་གལ་ཆེ་བ་གོ་ནུས། རྗེས་མཛད་པའི་ལམ་མཆོག་སྒོ་འབྱེད་རང་ལ་ཚིགས་བཅད་དགུ་ཙམ་ལས་མི་བཞུགས་མོད། འདི་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ཟབ་མོ་བྱིན་རླབས་ཀྱི་ཚན་ཁ་ཅན་ཡིན་པས། ཨ་ལག་ཤ་ཞབས་དྲུང་འདི་པས་འགྲེལ་བ་པོ་ཏིར་ལོངས་མཛད་པ་ལགས། དེ་བས་འགྲེལ་བ་འདི་ནི་ཤིན་ཏུ་རྩ་ཆེ་ཞིང་སྔོན་དཔེ་བྲིས་མ་ལས་མི་བཞུགས་པས་དཔེ་རྒྱུན་ཡང་ཤིན་ཏུ་དཀོན་པས། ཀུན་གྱི་བགོ་སྐལ་དུ་འགྲེམ་རྒྱུ་བྱུང་ན་དོན་སྙིང་ཤིན་ཏུ་ཆེ་བར་བསམས་ནས་ད་རེ་ངེད་ཅག་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་རིག་གཞུང་དཔེ་ཚོགས་ལས་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཞིབ་འཇུག་དང་པར་སྐྲུན་འགྲེམས་སྤེལ་གྱི་ལས་གཞིའི་གྲས་སུ་བཞག་སྟེ་དཔེ་སྐྲུན་བྱས་པ་ལགས་ན། འདིའང་རང་རེའི་རིག་གནས་ཀྱི་རྒྱུན་བཟང་པོ་གསོ་བའི་གསོས་སུ་འགྱུར་བར་ཤོག །

ཅེས་མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོ་རུ་འབོད་པས་སྤྱི་ལོ2024ལོའི་ཟླ1པོའི་ཚེས1བཟང་པོ་ལ་སྦྱར་བ་དགེ་བར་གྱུར་ཅིག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号