དེབ་གསར། «མཆོད་རྟེན་མཚེ་མའི་གནའ་ཤུལ་ནས་གསར་དུ་རྙེད་པའི་བོད་ཡིག་གནའ་དཔེ་དག་སྒྲིག་དང་དེའི་དཔྱད་པ།»

ཉེ་ཆར། ཏུན་ཧོང་ཞིབ་འཇུག་ཁང་གི་འབུམ་རམས་པ་གཡུ་རྔོག་པདྨ་དབང་རྒྱལ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཆུ་ཀྱཱ་དབང་མཆོག་འབུམ། དཔལ་ཁྲི་རྫོང་རྟེན་མཛོད་ཁང་གི་འགོ་གཙོ་ལོ་ཀྲི་ཚེ་བཅས་ཀྱིས་སྒྲིག་རྩོམ་བྱས་པ«མཆོད་རྟེན་མཚེ་མའི་གནའ་ཤུལ་ནས་གསར་དུ་རྙེད་པའི་བོད་ཡིག་གནའ་དཔེ་དག་སྒྲིག་དང་དེའི་དཔྱད་པ»ཞེས་པའི་དེབ་གསར་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།

མཆོད་རྟེན་མཚེ་མའི་གནའ་ཤུལ་ནི་ཀན་སུའུ་ཞིང་ཆེན་ཆིན་ཡང་གྲོང་ཁྱེར་དཔལ་ཁྲི་རྫོང་ལེན་ཀྲིན་ཞང་ཀྲང་ཁྲ་སྡེ་བའི་གཟིག་ལུང(甘肃省庆阳市华池县林镇乡张岔村豹子川)བྱ་བར་མཆིས་ཤིང་། གཟིག་ལུང་བྱ་བ་ཡང་སྔོན་གྱི་དུས་སུ་གནས་དེར་གཟིག་མང་དུ་རྒྱུ་བས་དེ་སྐད་ཐོགས་པར་སྨྲའོ། །༢༠༠༡ལོར་གནའ་ཤུལ་སྔོག་འདོན་དང་ཉམས་གསོ་བྱེད་སྐབས་མཆོད་རྟེན་ཆེ་ཆུང་གཉིས་ལས་གནའ་རྫས་སྣ་ཁ༡༤༠ཙམ་རྙེད་པའི་གྲས་སུ་བོད་ཡིག་གི་ལམ་ནས་བྲིས་པའི་ཡིག་རྙིང་འདི་དག་ཐོན་ཡོད། དེའི་ཐོག་མའི་དམིགས་པ་ཡང་མཆོད་རྟེན་གྱི་གཟུངས་གཞུག་ཏུ་འབུལ་ཕྱིར་ཆེད་དུ་འབྲི་བཞེངས་གནང་བས་ན། མཆོད་རྟེན་གསར་བཞེངས་ཀྱི་ལོ་ཚིགས་དང་གནའ་དཔེའི་ལོ་ཚིགས་ནི་དུས་མཉམ་དུ་ཁེལ་ཡོད་པར་སྙམ་མོ། །

       ཡིག་ཚང་འདིའི་ནང་མནའི་རིག་གནས་དང་གཤེན་རབ་མི་བོ་ཆེ། ཞང་ཞུང་དང་རྐོང་ཡུལ་བྲེ་སྣ་ལྟ་བུ་མི་སྣ་དང་རྒྱལ་ཕྲན་གྱི་སྐོར། གནའ་བོའི་རུས་རྒྱུད་ཀྱི་ཆ་ནས་ལྡོང་དང་རྒ་ལྟ་བུ་ཐོན་ཡོད། མཆོད་རྟེན་མཚེ་མའི་བོད་ཡིག་གནའ་དཔེའི་ཐོག་མའི་རྣམ་པ་ནི་ཤོག་གྲངས་གཅིག་ལ་ཉིབ་སྲིབ་གཉིས་སུ་ཕྱེས་ནས་འདུག་མོད། ཕྱིས་སུ་གནའ་དཔེར་ཞིག་གསོ་བྱས་རྗེས་ཉིབ་སྲིབ་གཉིས་ཀ་སོ་སོར་ཕྱེས་ནས་ཤོག་གྲངས་རེ་རེར་བཅོས་ཡོད། དེ་བས་ད་ལྟ་བསྡོམས་པའི་ཤོག་གྲངས༡༠༩བཞུགས། མཆོད་རྟེན་མཚེ་མའི་བོད་ཡིག་གནའ་དཔེའི་ནང་དོན་ཆ་ཚང་མིན་ད་དུང་ཁ་ཚོད་གཅོད་དཀའ་བས། དེབ་འདིའི་ནང་དུ་གནའ་དཔེའི་ཤོག་གྲངས་དང་ཐིག་ཕྲེང་ལ་ཆེད་དུ་བཟོ་བཅོས་མ་བརྒྱབ་པར་གཞུང་དོན་ལྟར་གོ་རིམ་བསྒྲིགས་པ་ཡིན། དེབ་འདིར་ནང་དོན་ཚན་པ་ཆེན་པོ་གཉིས་སུ་ཕྱེས་ཡོད་དེ། སྔ་མ་ནི་མཆོད་རྟེན་མཚེ་མའི་བོད་ཡིག་གནའ་དཔེ་གསར་རྙེད་བྱུང་བའི་གནས་ཚུལ། ཡིག་ཚང་གི་ཁྱད་ཆོས། ནང་དོན་དབྱེ་ཞིབ་སོགས་དཔྱད་པའི་སྐོར་ཡིན་ལ། ཕྱི་མ་ནི་མཆོད་རྟེན་མཚེ་མའི་བོད་ཡིག་གནའ་དཔེའི་མ་ཕྱི་དང་བཤུས་ཡིག་ཟུར་བཀོད་ཀྱི་ལེའུ་ཡིན་ནོ། །

དེབ་ཀྱི་དཀར་ཆག

སྔོན་འགྲོའི་གཏམ།
གངས་འཚོ།

ཇི་སྐད་དུ། རྦ་བཞེད་ཞབས་བཏགས་མ་ལས། བྲིས་ནས་སྣོད་དུ་བཞག་ན་བང་སོའི་ནོམ་དང་འདྲ། ཡ་རབས་སུ་ལ་དགོས་ཤོད་ཐུགས་ལ་དེ་ལྟར་ཞོག་ཅེས་གསུངས་པ་ལྟར།དུས་རབས་ཉི་ཤུ་བའི་ནང་རང་ཅག་རྣམས་གཞི་ནས་མེས་པོའི་ནོམ་ལ་འཕྲད་པའི་འགོ་ཚུགས་པ་རེད། རང་རེའི་ནུབ་མཐའ་ནས་རྙེད་པའི་ལི་ཡུལ་གྱི་ཁྲམ་ཤིང་དང་། བྱང་མཐའ་ནས་རྙེད་པའི་ཏུན་ཧོང་གཏེར་ཡིག །ཡུལ་དབུས་ནས་རྙེད་པའི་དགའ་ཐང་འབུམ་པ་ཆེའི་ཡིག་ཚང་དང་ཕུ་རིའི་ཡིག་ཚང་སོགས་ནི་རིན་ཐང་གཞལ་དུ་མེད་པའི་ནོམ་གྱི་ཡང་རྩེ་ལྟ་བུ་ཡིན་པས། བོད་རིག་པའི་ཁྱབ་ཁུངས་སུ་གྲགས་འགུལ་ཆེན་པོ་བཟོས།

དེབ་འདིའི་ནང་བསྡུས་པའི་ཡིག་རྙིང་དག་ཀྱང་རང་རེའི་ཤར་མཐའ་ནས་ཆེས་ཐོག་མར་རྙེད་པའི་ཡིག་རྙིང་གི་གྲས་ཡིན། ཏུན་ཧོང་གཏེར་ཡིག་དང་བསྡུར་ན་གྲངས་འབོར་ཉུང་ཞིང་གསར་དུ་རྙེད་དེ་ཕྱིར་བཏོན་མ་ཐག་ཡིན་པས་ད་སྔ་གྲགས་འགུལ་ཆེན་པོ་ཞིག་བྱུང་མེད་མོད།་མ་འོངས་པར་ཞིབ་འཇུག་པ་དག་གིས་ཐུགས་སྣང་ཆེན་པོ་གནང་ངེས་པ་ནི་གདོན་མི་ཟ། ད་ལྟའི་སྲིད་འཛིན་གྱི་ཁྱབ་ཁོངས་ལྟར་བཤད་ན། ཀན་སུའུ་ཞིང་ཆེན་གྱི་ཤར་མཐའི་ཀྲང་ཁྲ་ཞེས་འབོད་པའི་གྲོང་གསེབ་ཞིག་ཏུ་ཞིག་རལ་དུ་སོང་བའི་མཆོད་རྟེན་ཆེ་ཆུང་གཉིས་ཡོད་ལ། 2001ལོར་གནའ་ཤུལ་སྔོག་འདོན་དང་ཉམས་གསོ་བྱེད་སྐབས་མཆོད་རྟེན་ཆེ་ཆུང་གཉིས་ལས་གནའ་རྫས་སྣ་ཁ་140ཙམ་རྙེད་པའི་གྲས་སུ་བོད་ཡིག་གི་ལམ་ནས་བྲིས་པའི་ཡིག་རྙིང་འདི་དག་ཐོན་ཡོད།ཡིད་ཕངས་པ་ཞིག་ལ་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་ལོ་ངོ་ཉི་ཤུ་ཙམ་ལ་ཆེད་དམིགས་ཀྱིས་ཉམས་ཞིབ་གནང་མཁན་བྱུང་མེད། 2021ལོར་གཞི་ནས་ཡིག་རྙིང་རྣམས་དག་སྒྲིག་དང་ཉམས་ཞིབ་ཀྱི་ལས་ཀ་འགོ་བརྩམས་ཤིང་། གཞོན་སྐྱེས་ཞིབ་འཇུག་པ་གཡུ་རྔོག་པདྨ་དབང་རྒྱལ་དང་ཆུ་ཀྱཱ་དབང་མཆོག་འབུམ་རྣམ་པ་གཉིས་ནི་བོད་ཡིག་གི་ཡིག་རྙིང་དག་ལ་ཞིབ་འཇུག་གནང་མཁན་ཐོག་མ་ཡིན་ལ། དཔེ་དེབ་འདི་སྒོར་ཐོན་པ་དེས་དཔྱད་ཞིབ་ཀྱི་འབྲས་བུ་མི་དམན་པ་ཞིག་བླངས་ཡོད་པ་ར་སྤྲོད་གསལ་བོ་བགྱིས་འདུག་གོ །

ཁོ་བོ་ནི་ཆུང་དུས་ནས་དཔེ་རྙིང་དང་འབྲེལ་འདྲིས་བྱུང་བ་ཙམ་ལས། ཆེད་དམིགས་ཀྱིས་མྱུར་སྐྱོབ་དང་དག་སྒྲིག་གི་ལས་ཀ་ལ་རྒྱུས་མངའ་ཕྲན་བུ་ཙམ་ཡང་མེད་པ་ཞིག་ཡིན་པས། ཨ་རིག་རྡོར་གཅོད་ཀྱི་དཔེ་རུ་མི་འགྲོ་བའི་ངེས་པ་མེད་ན་ཡང་། མུ་མཐུད་དུ་སྤྱི་བརྟོལ་གྱི་སྒོ་ནས་ཅུང་ཟད་བཤད་ན། ཡིག་ཚང་རྙིང་བ་དག་ནི་གནའ་བོའི་དཔལ་ཡོན་གྱི་དན་རྟགས་བསྙོན་མེད་ཅིག་ཏུ་འཁུམ་ལ། ཆེས་གནའ་བོའི་དུས་ཀྱི་དམག་སྲིད་ཀྱི་ཡོ་ལངས་དང་། ལོངས་སྤྱོད་ཀྱི་འདུ་འགོད། ཤེས་རིག་གི་ངང་ཚུལ་སོགས་གསལ་ལེར་འཆར་བའི་མེ་ལོང་འབའ་ཞིག་ཏུ་གྱུར་ཡོད། སྔོན་རབས་པ་དག་གིས་ཡི་གེ་རྙིང་བ་ཕྱག་ཏུ་ཚུད་དེ་བསྟན་བཅོས་གྲགས་ཅན་མཛད་པའི་ལོ་རྒྱུས་ཀྱང་མང་པར་བཤད། དཔེར་ན། འགོས་ལོ་གཞོན་ནུ་དཔལ་གྱིས་ཡིག་རྙིང་ཤོག་དྲིལ་ཞིག་རྙེད་པ་དེ་དེབ་སྔོན་གྱི་རྨང་དུ་གྱུར་བའི་ཤོད་རྒྱུན་ཡོད་པ་ལྟ་བུའོ། །

ཁྱད་པར་དུ་ཡིག་རྙིང་འདི་དག་ལ་མཚོན་ན། མ་མཐའ་ཡང་དུས་རབས་བཅུ་གཉིས་པའི་སྟོད་དུ་བྲིས་པ་ཞིག་ཡིན་ལ། ཐོན་ས་དང་ནང་དོན་གྱི་ཆ་ནས་དགའ་ཐང་འབུམ་པ་ཆེའི་ཡིག་ཚང་དང་ཕྱོགས་འདྲ་བའི་ཆ་ཞིག་མཐོང་ཐུབ། དབུ་ཁྱུད་འབྲི་སྟངས་དང་། འ་ཆུང་ལ་ཙ་རྟགས་འདེབས་ལུགས། གུ་གི་ཕྱིར་ལོག། བརྡ་སྤྲོད་ཀྱི་རྣམ་གཞག་སོགས་གང་བརྟགས་ན། བཙན་པོའི་རྡོ་རིང་ཡི་གེ་དང་ཏུན་ཧོང་གཏེར་ཡིག་སོགས་དང་མཚུངས་པར་ཡོད་པས། གནའ་ཡིག་འཁྲུལ་མེད་དུ་ངེས་པ་ལ་སོམ་ཉི་ཡང་མེད། གཙོ་བོ་གཏམ་རྒྱུད་ཀྱི་རྣམ་པ་ཤས་ཆེ་ཞིང་བརྗོད་བྱ་དག་ཧ་ལམ་སྟོད་ལྷ་རབས་ཀྱི་བར་དུ་ཁུངས་འདེད་བྱེད་ཆོག་པར་སྙམ། དཔེར་ན། དུང་གི་སྒོ་ང་ལས་གཉན་ཁ་ལི་བྱིན་རྒྱལ་བོ་གྲོལ་བའི་ཚུལ་དང་། སེམས་ཅན་སྡུག་བསྔལ་ལས་གྲོལ་ཐབས་སུ་གཏོ་དང་དཔྱད་ཀྱི་ཆོ་ག་སྒྲུབ་ཚུལ། གཞན་ཡང་གནའ་མི་དག་གིས་མནའ་གཙིགས་ཆེན་དུ་འཛིན་པས། དཀུ་རྒྱལ་བོད་ཅེས་ཡོངས་སུ་གྲགས་པ་ལྟར། དཀུ་རྒྱལ་བ་ནི་མནའ་བསྐྱལ་བའི་བརྡ་རྙིང་ཡིན་ཏེ། ཞོལ་རྡོ་རིང་ཡི་གེ་ལས། དཀུ་རྒྱལ་གཙིགས་གནང་བ་ཞེས་དང་། ཏུན་ཧོང་ཡིག་རྙིང་ལས། ཕ་སྤུན་པོ་མུ་གསེང་གཉིས་ནི་དཀུ་ལ་གཐོགས་སྟེ། དཀུ་རྒྱལ་བའི་ནང་དུ་ཡང་གཐོགས་སོ་ཞེས་བྱུང་བས་ཤེས་ནུས། ཡིག་ཚང་འདིའི་ནང་མནའ་གླང་ནག་པོ་དང་། མནའ་ཁྱི་སྤགས་པོ། མནའ་རྡོ་ནག་པོ། མནའ་ཆུ་ཁོལ་མ། མནའ་ཁྲག་ནག་པོ་སོགས་མནའི་རིག་གནས་དང་འབྲེལ་བའི་ཐ་སྙད་གང་འཚམ་ཞིག་ཐོན་ཡོད།

དེ་བཞིན་དུ་གནའ་བོའི་མི་སྣ་ཡི་ཆ་ནས་གཤེན་རབ་མི་བོ་ལྟ་བུ་དང་། རྒྱལ་ཕྲན་གྱི་ཆ་ནས་ཞང་ཞུང་དང་རྐོང་ཡུལ་བྲེ་སྣ་ལྟ་བུ་དང་། གནའ་བོའི་རུས་རྒྱུད་ཀྱི་ཆ་ནས་ལྡོང་དང་རྒ་ལྟ་བུ་དང་། གནའ་བོའི་བསམ་བློའམ་དད་མོས་ཀྱི་ཕྱོགས་ནས། ཡར་གྱི་ལྷ་མཆོད་ལུགས་དང་མར་གྱི་འདྲེ་འདུལ་ལུགས། ནག་པོ་དགྲར་འཐབ་ལུགས་དང་གཤིན་པོའི་དུར་འདེབས་ལུགས་ཀྱང་མངོན་ཡོད་པ་མ་ཟད། ཀླུ་ལ་གནོད་འཚེ་བཏང་པའི་འབྲས་བུར་མི་ལ་སྡུག་བསྔལ་སྣ་དགུ་འབྱུང་བཞིན་ཡོད་པས། འགྲོ་བ་མིའི་བདེ་སྡུག་མང་པོ་ཞིག་རང་བྱུང་ཁམས་ཆེན་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འདུ་ཤེས་ཤིག་ཡ་ཐོག་རིང་མོའི་དུས་ནས་ཆགས་ཡོད་པ་གསལ་བོ་རེད། ཐ་ན་གོང་མ་རྗེའི་གདུང་རབས་དང་། འོག་མ་འབངས་ཀྱི་སྐྱིད་སྡུག། སྟོང་སྡེ་སྲིད་ཀྱི་ཆགས་རབས་སོགས་རྒྱལ་རབས་བགྲོ་བར་དགའ་བ་རྣམས་ལ་མཚོན་ན་ཡང་། ཡིག་རྙིང་འདི་དག་ནི་མཚན་ལ་བཏེགས་པའི་སྒྲོན་མེ་ལྟ་བུར་མི་འགྱུར་བའི་ངེས་པ་མེད།

ཁྱད་པར་དུ་རྩོམ་མཁན་རྣམ་གཉིས་ནི་ཞིབ་འཇུག་གི་ལས་ཀར་འཇུས་ནས་ཡུན་རིང་འགོར་མེད་ན་ཡང་། སྤོབས་པ་བསྐྱེད་དེ་ཚོད་བགམ་བྱེད། གནད་ལ་བབས་ནས་སྒྲུབ་བྱེད་འཚོལ་ཟེར་བ་ལྟར། གཞོན་པའི་སྤོབས་པ་དང་རྣམ་དཔྱོད་ལ་བརྟེན་ནས་ཡིག་ཚང་རེ་རེ་ཞིབ་དུ་བཀྲལ་བའི་ཞོར་དུ། ནང་གི་བརྗོད་བྱའི་བསྟན་དོན་དང་ཕྱིའི་སྒྱུ་རྩལ་གྱི་རྣམ་པ་ཡན་ཆད་ལ་དཔྱད་པ་དོན་དང་ལྡན་པ་གནང་འདུག་པས། བོད་ཀྱི་ཤེས་ཡོན་པའི་གྲལ་མཐར་ལུས་པའི་ཁོ་བོ་ཡང་དགའ་བ་ཆེན་པོ་ཞིག་གཏིང་ནས་སྐྱེས་ལ། མཐར་གསར་བུ་འདི་དག་གི་ཞིབ་འཇུག་གི་ལམ་ཁ་སྔར་ལས་ཡངས་པའི་སྨོན་འདུན་ཞུ་བ་ལགས་སོ། །

ཞེས་གངས་འཚོ་རུ་འབོད་པས༢༠༢༤ལོའི་ཟླ༣ཚེས༡ཉིན་ལ་མང་ཡུལ་གསེར་གཞུང་རིང་མོའི་ལྟེ་བ་ཁྲ་ལྡང་བཀྲ་ཤིས་དཔལ་འབར་གྱི་ལྷ་ཞོལ་དུ་བྲིས་པ་དགེ་ལེགས་འཕེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号