༄༅། །མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་བསྟོད་དྲང་སྲོང་དགྱེས་པའི་གླུ་དབྱངས་ཞེས་བྱ་བ།


ལྷ་སྙིང་རྗེ་ཟླ་བ་གཞོན་ནུ་ཡི།།

འོད་ཟེགས་མ་དཀར་བོས་ཁྱབ་པའི་ཞིང་།།
ཡུལ་པུར་རྒྱལ་བོད་ཅེས་བྱ་བ་དེ།།
སྟོད་སྨད་དུ་གྱེས་པའི་ཆོལ་གསུམ་ལས།།
སྨད་གྱི་ལིང་རྨིག་རྩལ་ངོམ་པའི་ཡུལ།།
བྱང་དཔལ་ལྡན་ནོར་གྱི་འཛིན་མ་རུ།།
གནམ་སྔོན་པོ་ས་ལ་བབས་འདྲ་བའི།།
མཚོ་སྔོན་པོ་ཁྲི་ཤོར་རྒྱལ་མོ་ཞེས།།
ས་སྔོན་པོའི་སྟེང་ན་གྲགས་པའི་རླུང་།།
དགུང་སྔོན་པོའི་མཐའ་དབུས་ཀུན་ཏུ་གཡོ།།
བཻཌཱུ་རྱའི་ཁུ་བ་གཡས་འཁྱིལ་བར།།
ཀླུ་གདེངས་ཅན་དགའ་བའི་ཅ་ཅོའི་གླུ།།
ཕན་ཚུན་དུ་འགྲན་བཞིན་ཟློས་གར་གྱི།།
རྦ་རླབས་ཀྱི་ཟེགས་མ་མཁའ་ལ་འཐོར།།
དར་དཀར་གྱི་གཤོག་པ་འཇམ་གཉེན་ཅན།།
མགྲིན་རྫ་རྔ་འཁྲོལ་བའི་གཉིས་སྐྱེས་ཚོགས།།
འཕུར་ལྡིང་གི་གར་བཅས་པད་མཚོའི་དབུས།།
ལུས་གཤེར་བའི་ཁྲུས་ཀྱི་རྩེད་འཇོར་རོལ།།
འཕགས་ཡུལ་གྱི་མ་ཧཱ་དེ་ཝའི་རི།།
མཚོ་དབུས་སུ་མཁའ་ལས་བབས་པའི་འཕྲུལ།།
ཁྱབ་འཇུག་གི་བཀོད་པ་ལས་འདས་པ།།
ངོ་མཚར་གྱི་སྙིང་བོའི་ཐིག་ལེ་ཅན།།
སྲ་མཁྲེགས་ཀྱི་རྡོ་ཡི་མཎྜལ་ངོས།།
སྔོ་ལྗང་གི་སྤང་ལྗོངས་གོས་ཀྱིས་བཀླུབས།།
མེ་ཏོག་གི་ཀུན་དགའ་ར་བ་ན།།
ཏིང་འཛིན་གྱིས་མྱོས་པའི་དྲང་སྲོང་མང་།།
མཁའ་སྤྱོད་ཀྱི་དཔའ་བོ་དཔའ་མོའི་ཚོགས།།
པད་ཚལ་ལ་བུང་བ་བཞིན་འདུས་ནས།།
བྱིན་རླབས་ཀྱི་སྤྲིན་ཕུང་རབ་དཀྲིགས་ཏེ།།
དངོས་གྲུབ་ཀྱི་ཆར་བ་འདོད་དགུར་འཇོ།།
གངས་དཀར་བོའི་ཐོད་མཛེས་རྫ་རི་དང་།།
སྔོ་ལྗང་གི་ས་འཛིན་སྤོ་མཐོ་ལ།།
ཁེངས་ལྡན་གྱི་ཡུལ་སྐྱོང་གནས་པའི་རི།།
ཕྱོགས་མཚམས་སུ་པདྨོའི་ཕྲེང་ལྟར་བརྗིད།།
དྭངས་བསིལ་གྱི་ཡན་ལག་བརྒྱད་ལྡན་ཆབ།།
ཝུ་ཕྲེང་གི་ཟེགས་མའི་མེ་ཏོག་ཅན།།
ལྷུང་ལྷུང་དུ་འབབ་པའི་ཉལ་འགྲོའི་རྒྱུན།།
གངྒཱ་ཡི་ཆབ་བཞིན་དལ་གྱིས་འབབ།།
ཐང་སྙོམས་པོ་གཡུ་དཀར་མེ་ལོང་ངོས།།
སྤང་ནེའུ་གསིང་རྨ་བྱའི་མགྲིན་འདྲ་བར།།
མདོག་ལྔ་ལྡན་མེ་ཏོག་སྣ་ཚོགས་སྟེང་།།
རྐང་དྲུག་གི་བུ་ཡིས་རྒྱང་གླུ་ལེན།།
མཛེས་སྡུག་གི་སྤུ་རིས་རབ་ངོམ་པའི།།
རི་སྐྱེས་ཀྱི་སྒེག་ལྡན་ཕོ་མོའི་ཁྱུས།།
མཆོང་ལྡིང་གི་བང་རྩལ་འགྲན་སློང་གིས།།
ནོར་འཛིན་གྱི་ལྟེ་བར་རི་མོ་འབྲི།།
སྤྲིན་དཀར་བོ་ལང་ལོང་འཁྲིགས་པ་ལས།།
སྦྲང་ཆར་གྱི་ཟེགས་མའི་རྒྱུན་འཇོ་བས།།
ནོར་འཛིན་མ་ཁྲུས་ཀྱིས་མྱོས་བྱས་ཏེ།།
སྒེག་འཛུམ་གྱི་མེ་ཏོག་འདབ་བརྒྱ་གྲོལ།།
ཉི་ཟེར་དང་འགྲོགས་པའི་འཇའ་ཚོན་གྱི།།
མདངས་ལྔ་ཡི་འོད་ཀྱི་གུར་ཁང་དེ།།
སྟེང་ལྷ་དང་ས་ཡི་རྐང་གཉིས་པར།།
ཕན་ཚུན་དུ་བགྲོད་པའི་ཟམ་གྱི་ཚུལ།།
དགུང་སྔོན་པོ་ནམ་མཁའི་མཁའ་དབྱིངས་ནས།།
ཆུ་འཛིན་གྱི་གོས་ཅན་གཡུ་འབྲུག་བུས།།
སྤྲིན་ནག་གི་ཀ་བ་མཚོར་བཙུགས་ཏེ།།
གནམ་མཚོ་མོའི་ནུ་འོ་ཧུབ་ཀྱིས་འཐུང་།།
མཚོ་ཆུང་བ་ནོར་བུའི་བང་མཛོད་དང་།།
མཚོ་ཆུང་བ་གསེར་གྱི་རྣ་ལུང་སོགས།།
མཚོ་ཆེ་ཆུང་རྒྱུ་སྐར་གྲངས་བརྒལ་བས།།
མཚོ་ཆེན་པོའི་མཐའ་ནས་མཆོད་ཡོན་འབུལ།། 
ལྷ་སྙིང་རྗེ་པདྨ་སྤྱི་བོར་བཀོད།།
ལག་ཆུ་ཤེལ་ཕྲེང་བའི་གདུ་བུས་མཛེས།།
མགྲིན་མ་ཎིའི་དབྱངས་ཀྱི་མགུར་གླུ་ཅན།།
རྒྱུད་དད་པས་ཕྱུག་པའི་སྐྱེ་བོ་དང་།།
རྭ་རྟ་གནག་གཡང་དཀར་ལུག་གིས་གང་།།
འབྱོར་རྨུགས་འཛིན་བང་མཛོད་ཁ་ཕྱེ་བའི།།
ལོངས་སྤྱོད་ལ་དབང་བའི་སྦྱིན་བདག་ཁྱིམ།།
དགུང་རྒྱུ་སྐར་གྲངས་ཀྱིས་ཕྱོགས་མཐའ་བསྐོར།།
ལྷ་ཚངས་པའི་ཡིད་ལས་རབ་འདས་པའི།།
སྣོད་བཅུད་ཀྱི་མཛེས་པ་ལྷུན་རྫོགས་པས།།
འགུགས་བྱེད་ཀྱི་ཀྱོ་བ་རྣོན་པོ་ཡིས།།
ཕྱོགས་འདུས་ཀྱི་མགྲོན་པོ་དབང་མེད་འགུགས།།
དགེ་མཚན་གྱི་སྙན་པའི་འབྲུག་སྟོང་སྒྲ།།
སྲིད་གསུམ་གྱི་ཁྱོན་དུ་རབ་བསྒྲགས་པས།།
དོན་ལྡན་གྱི་གྲགས་པའི་བ་དན་དཀར།།
སྲིད་པ་ཡི་རྩེ་མོར་ལྷབ་ལྷུབ་གཡོ།།
བློ་ཆུང་གི་པདྨའི་དགའ་ཚལ་ནས།།
རྒྱུད་ལྷག་བསམ་བཟང་བོའི་དཔལ་ལྡན་པའི།།
དྲང་སྲོང་གི་སྨྲ་བའི་འབབ་སྟེགས་ལས།།
སྙན་འཇེབས་ཀྱི་གླུ་དབྱངས་འདི་བསྒྲགས་སོ།།

མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་བསྟོད་དྲང་སྲོང་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་འདི་ནི། རབ་བྱུང་བཅུ་བདུན་པའི་མེ་ཕག༢༠༠༧ལོའི་ཧོར་ཟླ་དྲུག་པའི་ཚེས༡༥ཉིན་མཚོ་སྙིང་མ་ཧཱ་དེ་ཝར་བདག་གནས་མཇལ་ཕྱིན་སྐབས། དད་སྟོབས་རྒྱན་གྱིས་མཛེས་པའི་སྦྱིན་བདག་རྒྱ་ཡེ་བཀྲ་བྷོ་དང་ཚེ་རིང་རྡོ་རྗེ་གཉིས་ནས་རབ་དཀར་ལྷ་རྫས་དང་བཅས་ནན་གྱིས་བསྐུལ་བར་བརྟེན། ཤཱཀྱའི་བཙུན་གཟུགས་༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་མིང་ཅན་ནས་བྲིས་པ་དགེ་ལེགས་འཕེལ། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号