དབུ་འཇིགས་མེད་ཀྱི་སྙན་ངག་ཚན་པ་གཉིས།

དབུ་འཇིགས་མེད། མཚོ་ལྷོ།

བརྩེ་བའི་མགུལ་རྒྱན།

སྣང་བའི་ལས་ཀྱིས་བཏུས་པ།།

མེ་ཏོག་འཛུམ་དཀར་སྒྲོལ་མ།།

བརྩེ་བའི་མུ་ཏིག་མགུལ་རྒྱན།།

བྱམས་པའི་སྐེ་ལ་བཏགས་པ།།

མི་རྟག་སྤྲིན་པ་འགུལ་འགུལ།།

ཡིད་ཀྱི་ཚོར་བ་འགུལ་བྱུང་།།

ཚིག་གི་འདབ་མ་ཐར་ཐོར།།

བསྡུས་ནས་སྙན་ངག་གྲུབ་པ།།

སྣང་སེམས་སྤྲུགས་པའི་ཚོར་བ།།

སྟོང་ཆེན་ལུང་བར་བརྒལ་བ།།

ངག་རིག་མཚོ་མོའི་འཛུམ་ལ།།

དྲན་གདུང་དབྱངས་སུ་སྦྱར་བ།།

ཆར་བ་སེམས་སུ་ཐིམ་བྱུང་།།

ནམ་མཁའ་འཛུམ་གྱིས་ཕྱུག་པ།།

ཉི་ཟླའི་བྱིན་རླབས་ཡིན་ཕྱིར།།

བརྩེ་བའི་དབྱངས་ཅན་དྲན་པ།།

རྨི་ལམ་ལམ་འཕྲང་བརྒལ་ནས།།

དབྱངས་ཅན་དྲན་པའི་ཚོར་བ།།

སྲིད་པའི་དབྱིངས་སུ་བཞུད་པ།།

འགོག་མེད་རང་བྱུང་དྲན་པ།།

སྙན་ངག་ཉི་འོད་འཕྲོས་འཕྲོས།།

དབྱངས་ཅན་ལྷ་མོར་འཕྲོས་པ།།

ཚིག་གི་འཛུམ་འགྱུར་མཆོད་པ།།

ཞེ་བློ་གཙང་མས་འབུལ་འདོད།།

             

རྣམ་རྟོག་གི་སྒྱུ་རྩལ། 


ཆོ་འཕྲུལ་ངག་རིག་རྒྱ་མཚོ།།

གངས་ཀྱི་ལུང་བར་སྦྱར་བ།།

མཛེས་སྡུག་སྟོང་གིས་བརྒྱན་པ།།

ངག་རིག་ལྷ་ཡི་བྱིན་རླབས།།

རྣམ་རྟོག་ངག་གླུ་མགུར་མ།།

དྭངས་གསལ་ཆུ་ལ་བསྐུར་ན།།

སྣང་སྟོང་ལྷོ་སྤྲིན་དཀར་མོ།།

ཐུགས་རྗེའི་པདྨོ་འཛུམ་བྱུང་།།

རྟོག་བཏགས་ཚིག་གི་གར་མ།།

ཚོར་བའི་འོད་ཟེར་འཁྱུག་ས།།

སྣང་སེམས་ཡེ་ཤེས་འོད་ལ།།

ལྷ་ཡི་བྱིན་རླབས་འཁོར་ས།།

རྣམ་རྟོག་སྒྱུ་འཕྲུལ་ཚོགས་ལ།།

གཉུག་མའི་ཁ་དོག་ཆགས་པ།།

ལས་ཀྱི་ཚོར་བའི་འདབ་མ།།

དབྱིངས་ཀྱི་ཟླ་བར་ཕུལ་བ།།

རྣམ་རྟོག་མཐའ་བྲལ་ཆུ་མོ།།

སྟོང་ཆེན་ལུང་བར་སྙོག་པ།།

ལས་ཀྱི་ཞེན་ཆགས་འཚོལ་བ།།

ཚིག་གི་རྨི་ལམ་རྨིས་བྱུང་།།

མི་རྟག་རྣམ་རྟོག་སྒྱུ་འཕྲུལ།།

ཚོར་བའི་ཤུགས་གླུ་ཡིན་པ།།

ཚིག་འགྱུར་ངག་གི་པད་མོ།།

དབྱངས་ཅན་ལྷ་ལ་ཕུལ་བ།།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号