གྲུབ་དབང་སྒྲུབ་བརྒྱུད་རིན་པོ་ཆེ་མཆོག་ལ་ཕུལ་བའི་སྙན་ངག་ཤུགས་འབྱུང་གཤིས་ཀྱི་ཐོལ་གླུ།  

                           རུས་རྐང་དྭངས་མ། ཡུལ་ཤུལ།

མཁས་གྲུབ་མཚན་དཔེའི་ལང་ཚོ་རྒྱས་པ་ཡི། །

ཟླ་མེད་དྲིན་ཅན་བླ་མའི་ཞབས་དྲུང་དུ། །

བཅོས་མིན་དོན་གྱི་སྙན་ཚིག་འདི་ཕུལ་བས། ། 

སྣང་སྟོང་གཉིས་མེད་རྩལ་གྱིས་བཞེས་པར་མཛོད། །


གངས་རིའི་མུ་ཁྱུད་ཡོངས་སུ་བསྐོར་བའི་དབུས། །

བསྟན་འགྲོའི་དོན་ཆེན་བསྒྲུབ་པའི་དཔལ་ཉིད་དུ། །

འཕྲོས་པའི་སྐྱེས་ཆེན་སྒྲུབ་བརྒྱུད་མཚན་ཅན་ལ། ། 

མི་ཕྱེད་དད་པའི་ཀློང་ནས་ཕྱག་བགྱི་འོ། ། 


ལས་ཅན་དགེ་བའི་ས་བོན་སྨིན་ས་རུ། ། 

ཁེངས་དྲེགས་གྲགས་སྙན་ཚིག་གིས་མ་སྦངས་ཤིང་། ། 

ཞི་དུལ་སྤྱོད་པ་འཆང་བའི་དགེ་སྦྱོང་སྟེ། །

བདེ་གཤེགས་གསུང་གི་སྙིང་པོར་ཁྱེད་ཉིད་བཞུགས། །


ཉམས་རྟོགས་འོད་ཀྱི་གུར་ཁྱིམ་ཕུབ་པ་རུ། ། 

དུག་ཅན་འཚེ་བའི་ཁ་རླུང་མ་འདྲེས་ཤིང་། ། 

དོན་དམ་གཤིས་ཀྱི་གཏེར་ལས་འཁྲུངས་པ་ཡི། ། 

འགྲོ་ཀུན་སྐྱིད་ཀྱི་མགོན་དུ་ཁྱེད་ཉིད་བཞུགས། །


འཇིགས་བྲལ་གདོང་ལྔས་བཏེགས་པའི་ཡང་སྟེང་དུ། ། 

དྲི་བྲལ་ཚུལ་ཁྲིམས་ལང་ཚོ་བཞད་པ་ཡི། །

འཁོར་འབངས་འབུམ་ཚོའི་དཀྱིལ་གྱི་འོད་ཆེན་པོ། ། 

སེམས་ཅན་གདུང་སེལ་སྨན་དུ་ཁྱེད་ཉིད་བཞུགས། །


གྲངས་མེད་ཆོས་ཀྱི་སྒོ་འཕར་རབ་ཕྱེས་ཏེ། ། 

རྣམ་དག་གཤིས་ཀྱི་མཚོ་མོ་འཁྱིལ་བ་ལས། ། 

རིན་བྲལ་གསེར་གྱི་ཞལ་གསུང་ཐོས་པ་ཡི། ། 

ཐུབ་དབང་སྟོན་པའི་ཚབ་ཏུ་ཁྱེད་ཉིད་བཞུགས། །


རྨོངས་མུན་སྨུག་ལོང་འཁྲིགས་པའི་བྲག་རྫོང་དུ། ། 

ཤེས་བརྩོན་རྒོད་པོའི་གཤོག་ཟུང་རབ་རྒྱས་ཏེ། །  

ངེས་འབྱུང་རླབས་ཀྱིས་མཁའ་དབྱིངས་ལྡིང་བ་ཡི། ། 

ལྷོ་གླིང་མཛེས་པའི་རྒྱན་དུ་ཁྱེད་ཉིད་བཞུགས། །


དུས་ཀྱི་རྒུད་པ་འཕེལ་བའི་ས་མཚམས་སུ། །   

སེམས་ཅན་ལས་ཉོན་ཁུར་གྱིས་མནར་བའི་དུས། 

གདུང་སེལ་གྲུ་ཆར་འཇོ་བའི་བསིལ་གཡབ་ཅན། ། 

འཛམ་གླིང་ཉི་ཟླའི་དཔུང་དུ་ཁྱེད་ཉིད་བཞུགས། །


མདོར་ན་སྲིད་པ་མཐའ་མར་ཐུག་གི་བར། ། 

དྲིན་ཅན་བླ་མའི་ཞབས་པད་བརྟན་པ་དང་། །

འགྲོ་ཀུན་ལས་ཉོན་མཚོ་ལས་རབ་བརྒལ་ཏེ། །

འཚེ་མེད་ཞི་བདེའི་དཔལ་ལ་སྤྱོད་ནུས་ཤོག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号