རྣམ་རྟོག་སྨུག་པོ།

དབྱངས་ཞི་བ།   (སི་ཁྲོན།)


དོ་ཞག་འུར་ཟིང་མང་བོ་སེམས་སུ་འཚང་། །

འཁོར་བ་རྒྱུས་མེད་ཞིག་ཏུ་སྐྱེས་སྣང་དོགས། །

ལོ་རྟགས་སྤྲེལ་མགོ་ཅན་དང་འཕྲད་སྣང་སྐྱེས། །

ཀྱེ་མ་བར་དོའི་འཕྲང་ལམ་ཉུལ་ལ་ཉེ། །


མི་ཚེ་སྟོན་ལ་བཞག་པའི་བ་མོ་བཞིན། ། 

ཆོས་རྒྱལ་ཟུར་མིག་ཉི་འོད་ཕོག་ཙམ་གྱིས། །

ཆ་མེད་ཡུལ་དུ་བཞུད་པས་སྟ་གོན་བྱས། །

མི་ཚེ་སྒྲོན་མེ་འདིའང་གཟིམ་འགོ་བརྩམས། །


ང་ནི་བག་མེད་ངང་དུ་གནས་ནས་ཀྱང་། །

ཆོས་ཀྱི་མ་འཚོས་གླུ་དང་གར་གྱིས་འཚོས། །

ཐ་མག་ཝུ་ཆང་སྙིང་ཉེ་མཛའ་མོ་དག །

ཟླ་སྣེ་ལོ་དང་ལོ་སྣེ་ཟླ་འཐུད་ཀྱིས། །

ཉིན་ཞན་འཁོར་མོ་རིང་པོ་ཡུན་དུ་ལ། །

ལུས་དང་གྲིབ་གཞིན་མ་འབྲལ་འགྲོགས་ནས་འོང་། །


དམ་ཆོས་འདུལ་བས་རྩ་སྡོམ་ངས་སྲུང་ངམ། །

རྩ་བཞི་སྲུང་བའི་ཕན་ཡོན་ངས་རྟོགས་སམ། །

མི་ལུགས་མཐུན་པས་བྱ་བ་ངས་སྒྲུབ་བམ། །

ཕ་མ་དགའ་བས་དྲིན་ལན་ངས་འཇལ་ལམ། །


ང་ཡིས་དལ་འབྱོར་མི་ལུས་རིན་ཆེན་འདི། །

གསེར་ལས་ལྷག་ཀྱང་རིན་ཐང་མ་ཡོད་ཐལ། །

ལྷ་ལས་འཕགས་ཀྱང་གཟི་མདངས་མ་རྒྱས་ཐལ། །

ཀླུ་ལས་ཕྱུག་ཀྱང་རང་ཉིད་མ་རྒྱན་ཐལ། །

གཉེན་ལས་བཙན་ཡང་དཔའ་རྟགས་མ་ཞོག་ཐལ། །

སྐར་ཚོགས་བརྒྱ་སྟོང་ཁྲོད་ཀྱི་སྐར་ཆུང་བཞིན། །

གྲགས་འགུལ་ཙམ་ཡང་མེད་པ་མདའ་སྲིད་དམ། །


2023/8/15 ཉིན་སྡེ་དགེ་ནས་བྲིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号