གཅོད་པ་ཐར་གྱི་སྙན་ངག་བདམས་བཀོད།


ས་སྲོད་དང་མཚམས་སྤྲིན།


མིག་ཆུ་ཁྱོར་གང་མེ་ལོང་དུ་བྱས།

རང་ཉིད་ཀྱི་གཟུགས་བརྙན་ངོ་མ་དེ།

རི་རབ་ཀྱི་ཟོམ་ནས་མཐོ་རུ་བཏེགས་ཤིང་།

ཤེལ་དམ་དུ་ལྷུང་བའི་རྣམ་ཤེས་ལྟ་བུའི་རླངས་པ་དག

ས་སྲོད་དང་མཚམས་སྤྲིན་གྱི་ངོས་སུ་བྱུགས།

དམར་པོ་རྐྱང་རྐྱང་མ་ཡིན་པའི་མཚམས་སྤྲིན།

ས་སྲོད་ཀྱི་ལྟེ་བ་ནས་ཐོགས་ཏེ་མཁའ་ལ་འཕུར།

ནུབ་མཚམས་སུ་དྲང་འཕྱང་ཏུའུ་དགུ་བཅུ་ལ་བསྲིངས་ནས།

ཉིན་གཉིས་པའི་ནམ་ཟླ་མཚོན་པར་བྱེད།

2023.9.20



ཝ་ལེར་ཝ་ལེར།


ཚིག་མདུད་ཚིག་གིས་གྲོལ་རྗེས།

ཡུན་རིང་དུ་ལུས་པའི་ངོ་གདོང་དེ་དག

ཝ་ལེར་ཝ་ལེར་ཡིད་ལ་འཁོར་བྱུང་།

ཅང་ཤེས་ཀྱི་རྔོག་རྩེ་ནས་ཞོག་པའི།

ཀི་སྒྲ་མཐའ་དག

ཨ་མྱེས་རྨ་ཆེན་གྱི་འཕོང་ལ་ཞོན་པའི།

ལྷ་ཀླུ་གཉན་གསུམ།

ཝ་ལེར་ཝ་ལེར་ཡིད་ལ་འཁོར་བྱུང་།

2023.9.15



སྦྲ་ཀླད་ཀྱི་མཇུག་མཐའི་ཁ་བ།


དགུན་ཉི་ལྡོག་གི་ཁ་བའི་འདབ་མའི་ངོས་སུ།

གྲང་ལྷགས་ཀྱི་ཁ་རླངས་འཁོར་ཏེ།

སྨུག་པོ་སྦྲ་ཡི་ཐོང་ག་རུ་ཡང་ཡང་འཛིངས།

ཏབ་ཏབ་པོར།

རླུང་བུ་སྨྱོན་པ་ཞིག་འཕྲེད་དུ་ལངས་ནས།

ངའི་སྦྲ་ཀླད་དུ་ཁ་བ་བབས་བྱུང་།

སྦྲ་ཀླད་ཀྱི་ཁ་བས་སྡོམ་པ་བསྲུངས་ཤིང་།

ཁྭ་ཏའི་ཐན་སྐད་ཀྱི་རྒྱུད་སྐུད་འདར།

ངས་རང་ཉིད་མུན་ཁང་དུ་བཅུག་སྟེ།

སྦྲ་ཀླད་ཀྱི་མཇུག་མཐའི་ཁ་བ་གླེང་།

2023.8.29



འདམ་དུ་ནུབ་པའི་སྡིག་སྲིན།


རྐྱ་འཐབ་པའི་སྡིག་སྐུད་སྐྱ་བོ་སྒེར་གཅོད་ཀྱི་ནམ་མཁར་འཐེན་ནས།

བཙན་རྫོང་ཡིན་སྙམ་གྱི་རང་སྣང་ཤུགས་སུ་བཏོན།

ནམ་ཞིག་ཤམ་བྷ་ལའི་བྱ་རྒོད་ཀྱང་གཟན་ལ་བཀུག་སྟེ།

ནམ་མཁའ་བདག་གེར་བཞེས་ཆོག་གམ་ཞེས་པའི་དྲི་བ་ཞིག་གི་ལན་དུ།

ཆགས་སྡང་དང་སྟོང་བསམ་གྱི་རྨི་ལམ་འཁྲུལ་ཏེ་འདམ་དུ་ནུབ།

ཞིབ་ཏུ་བསམ་ན་སྡིག་སྲིན་ནི་གཟུགས་བརྙན་ཞིག་སྟེ།

འདང་རྩིས་ཆེ་བ་ནི་ཚེ་སྲོག་གམ་དབུགས་ཕྲ་མོ་དེའོ།།

2023.9.24



སྒོ་རྟགས་གསུམ་པ།


དམ་པའི་བཀའ་འདྲི་མ་ཡིན་པའི་འདྲི་རྟགས་རིགས་ཤིག

སྒོ་རྟགས་གསུམ་པའི་ངོས་སུ་བྲིས་འདུག

སྒོ་ལུང་སྟེང་གི་སེང་གེ་གཉིས་ངར་ཉམས་ཀྱིས་གཡུ་རལ་གསིག

སྐབས་འདིར་སྒོ་རྟགས་གསུམ་པ་དེ།

ཆ་མེད་ཀྱི་སྒོ་རྟགས་ཤིག་དང་འདྲ་བྱུང་།

གོམ་གསུམ་ལ་བཟོད་བསྲན་མེད་པར་ཙིག་ཙིག་ཙིག

རླུང་སྣ་རྒྱུས་མེད་ཅིག་དྲངས་བྱུང་།

ང་དང་ཁོ་མོ་ཕྱི་རུ་དེད་སོང་།

རླུང་བུ་འཇགས་རྗེས།

ང་རང་སྒོ་རྟགས་གསུམ་པའི་ངོས་སུ་སིམ་འདུག

ད་དུང་གཟུགས་བརྙན་མ་ཡིན་པའི་གཟུགས་བརྙན་དེ་དག

སྔ་མོ་ནས་བཞུད་ཚར།

2023.9.6


     གཅོད་པ་ཐར། གོ་རབས་པའི་ན་གཞོན་རྩོམ་འབྲི་བ། མཚོ་སྔོན་མཚོ་ལྷོ་འབའ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། སྨྱུག་མིང་ལ་མགར་ཐང་དཀར་དུ་འབོད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པར་རྩོམ་འབྲིའི་ལས་ལ་ཞུགས་ཤིང་སློབ་རའི་སྙན་ངག་པའི་མཚན་སྙན་བསྩལ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།སྔ་ཕྱིར«སྦྲང་ཆར»དང«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «གངས་ལྗོངས་ཉི་གཞོན» «ཁ་བཏགས་དཀར་པོ» «གངས་དཀར་རི་བོ» «ཟླ་ཟེར» «དགེ་ལུགས་ཞིབ་འཇུག» «གསེར་གྱི་ལྷ་དར» «ལོ་བརྒྱའི་ལེགས་མཛད» «བོད་ལྗོངས་ཉིན་རེའི་ཚགས་པར» «ཁམས་པའི་ཚགས་པར» «མཚོ་སྔོན་བོད་ཡིག་གསར་འགྱུར» «མཚོ་སྔོན་ཁྲིམས་ལུགས་ཚགས་པར» «མཚོ་ལྷོ་བོད་ཡིག་ཚགས་པར» «རྔ་བའི་གསར་འགྱུར» «ཀྲུང་གོ་བོད་ཀྱི་དྲ་བ» «མཆོད་མེ་རྩོམ་རིག་དྲ་བ»སོགས་ཞིང་ཆེན་ཕྱི་ནང་གི་དྲ་རྒྱ་དང་ཚགས་དེབ་གང་མང་སྟེང་སྙན་ངག་གཙོས་བརྩམས་ཆོས་མང་ཙམ་སྤེལ་མྱོང་། ད་ལྟའི་ཆར་སྡེ་ཁུལ་དུ་བྱ་བ་ཙག་ཙིག་ལ་འབད་མུས་སུ་མཆིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号