མཐོ་སྒང་གི་སྐར་མདའ།

ཕུན་ཚོགས་བཀྲ་ཤིས། 

མཚོ་སྔོན་པོའི་མཐའ་སྐོར་དུ།

མཚོ་བྱང་ཟེར་བའི་ཁུལ་ཞིག་ཡོད།

ཁུལ་དེར་མདའ་བཞི་ཟེར་བའི་རྫོང་ཞིག་ཡོད།

རྫོང་མདའ་བཞི་འབོད་པའི་འབྲོག་སྡེ་ཞིག་ཏུ།

འདུར་ན་སྐར་མདའ་ལས་མྱུར་བའི་བུ་མོ་ཞིག་ཡོད།

བུ་མོ་དེ་ལོ་ན་ཆུང་དུས།

ལུས་ཀྱི་མཉེན་འགུག་ནམ་མཁའི་གློག་ལྟར་མྱུར་ཞིང་།

རྐང་བའི་འདུར་རྒྱུག་གཤོག་དྲུག་ཉ་ལས་སྐྱེན་པས། 

དགེ་རྒན་དང་ཕ་མས་རྩལ་སྦྱོང་གི་ཕྱོགས་ལ་ཤུགས་བརྒྱབས།

བྱིས་པ་རང་གིས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་སྡུག་བརྒྱབས།

འདི་ལྟར་ཁུལ་ཆུང་ཆུང་ཞིག་ནས། 

བུ་མོ་ཆུང་ཆུང་ཞིག་གི་སྙན་པ་འབར་བྱུང་།

ཞིང་ཆེན་དང་ཞིང་ཆེན།

རྒྱལ་ཁབ་དང་རྒྱལ་ཁབ་བརྒྱུད་དེ།

བྱིས་པ་ཆུང་ཆུང་འདིས།

རང་གི་ལང་ཚོའི་མེ་ཏོག་ལ་ཟིལ་ཤུགས་བསྣན།

ཁ་སང་དེ་རིང་།

འཛམ་གླིང་གི་འདུར་རྒྱུག་ར་བ་ཞིག་ནས།

བུ་མོ་འདིས་རང་གི་བདེན་པ་དང་།

རང་གི་ལས་དབང་ལྷ་ལ་བཅོལ་ཏེ།

རང་ཉིད་གཡུལ་ལས་རྒྱལ་བའི་བ་དན།

གངས་ཏི་སེའི་འདབས་རོལ་ནས་མཐོ་རུ་བསྒྲེངས་སོང་།

གངས་ཀྱི་ཡུལ་ལ་ཉི་འོད་ཀྱི་ཟེར་མས་བརྒྱན་སོང་།

གངས་ཀྱི་ཡུལ་ལ་སྦྲང་ཆར་གྱི་བསིལ་མ་གཏོར་སོང་།

འདི་ནི། ས་མཚོ་བྱང་ནས་ལམ་ལ་ཆས་ཤིང་།

འཛམ་གླིང་ན་མིང་དུ་གྲགས་པའི་བུ་མོ་ཆོས་དབྱིངས་སྐྱིད་དེ།

ས་མཚོ་བྱང་གི་ཡུལ་ལུང་དུ་ནར་སོན་ཞིང་།

ས་མཚོ་བྱང་གི་གཟི་བརྗིད་འཁུར་བའི་བུ་མོ་འདི།

བུ་མོ་འདི།  བོད་གངས་ཅན་གྱི་ལ་རྒྱའི་མེ་དཔུང་ཞིག་སྟེ།

རི་བོ་ཧི་མ་ལ་ཡའི་ཡང་རྩེ་ནས་ལམ་ལམ་འབར་བྱུང་།

ལམ་ལམ་འབར་ནས་བོད་ཁམས་ཀྱི་མཐའ་དབུས་དང་།

མཐའ་དབུས་འབྲེལ་བའི་རྒྱལ་ཁབ་སོ་སོའི་མཁའ་དབྱིངས་སུ་མཆེད་སོང་།

ས་མཚོ་བྱང་གི་ལུང་ཀྱོག་ཆུང་ཆུང་ཞིག་ནས། 

ལུ་གུ་དང་བེའུ་རྗེས་ནས་ནར་སོན་པའི་བུ་མོ་འདི།

བུ་མོ་འདི་ནི་ཅི་འདྲའི་ངོམ་ཆོག་ཆོག་གི་གསེར་ནག་རུལ་བུ་ཞིག་རེད་ཨང་།

ཀུན་གྱིས་མིག་སྣེར་མི་ཐོགས་ཤིང་།

སུས་ཀྱང་ཐེ་གཏོགས་མི་བྱ་བའི་ཡུལ་ལུང་ཞིག་ཏུ།

སྐར་མདའ་བཞིན་འཛམ་གླིང་གི་ཡང་རྩེར་འཕུར་བའི་བུ་མོ་འདི།

བུ་མོ་འདི་ནི། བུ་མོ་ཆོས་དབྱིངས་སྐྱིད་རེད་པས། 

སུས་ཀྱང་ཚབ་བྱ་མི་ནུས་པའི་བུ་མོ་དཔལ་འབར་མ་འདིས།

འཛམ་གླིང་གོ་ལའི་ལོ་རྒྱུས་ཀྱི་དེབ་ཐེར་ངོས་ལ།

བོད་པ་ཞིག་གི་དཔའ་སྙིང་དང་འདུར་རྒྱུག་གི་ཟིན་ཐོ་བཀོད་སོང་།

རྒྱལ་སྤྱིའི་འདུར་རྒྱུག་གི་གར་སྟེགས་སུ་ལྷེམ་ལྷེམ་འབར་བའི་མེ་དཔུང་འདིས།                    

བོད་ཀྱི་ཡུལ་ལུང་ཀུན་ལ་ནམ་ལངས་ཉི་ཤར་གྱི་རང་མདངས་ངོམ་སོང་། 

༢༠༢༣-༡༠-༦ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号