ཁྱོད།

ཨ་མགོན། མདོ་ལ།                       

ཁྱོད་ནི་ཁ་བའི་འདབ་མ་ང་ཡི་སྤང་ལ་བཞད་སོང་།།

མེ་ཏོག་ཁྲ་ཆིལ་དགུ་ཆིལ་འཛོམས་པ་སྤང་གི་རྒྱན་རེད།།

སྤང་ན་རྒྱུག་པའི་རྟེའུ་ཆུང་འདྲོགས་ན་འཚེར་སྐད་ལྷང་ལྷང་།།

རྔོག་ཆུང་རླུང་གིས་བསྐྱོད་ཞོར་ཁ་བའི་འདབ་མར་འཁྲེང་ཡོད།།


ཁྱོད་ནི་ཆར་སིམ་ཞིག་སྟེ་ཤག་ཤག་སེམས་ལ་བབས་སོང་།།

སེམས་ལ་ལྷུང་བའི་སེར་ཐིག་ལྗང་མདོག་ཅན་དུ་འགྱུར་སོང་།།

འབུ་དེ་ཕྱེ་མ་ལེབ་ཙེ་གཤོག་པ་ཕྱི་མཛེས་ནང་མཛེས།།

ཡར་འཕུར་མར་འཕུར་བར་ནས་དུང་བའི་སྐྱེད་ཚལ་བཞེངས་ཡོད།།


ཁྱོད་ནི་ཟླ་བའི་འོད་སྣང་བལྟས་ན་དྭངས་ཤིང་གསལ་བ།།

རླབས་ཕྲེང་མཁའ་ལ་འཕྱུར་བའི་མཚོ་མོའི་འགྲམ་ན་ཤར་ཡོད།།

རླུང་བུ་འཇམ་པོ་ཞིག་གིས་ཆུ་རིས་ཤིག་ཤིག་བྲིས་ཏེ།།

ཡིད་འོང་གསེར་མིག་ཉ་ཆུང་ལྡེམ་མྱུར་གར་ལ་རོལ་ཡོད།།


ཁྱོད་ནི་ཉི་མའི་དྲོད་ཁོལ་དྲོད་ལ་འཛད་པ་མི་འདུག།

དུང་བའི་མཁའ་རུ་ཤར་ན་སེམས་འདི་སྐྱིད་པའི་ལྗོངས་རེད།།

སྐྱིད་ལ་རེ་བ་གནང་ན་བརྩེ་བའི་མདུད་པ་བརྒྱབ་ཆོག།

དུང་བའི་དྲོད་ཀྱིས་འཁྱུད་ན་མདུད་པར་གྲོལ་བ་མི་འདུག

   

གྱི་ནར་བའི་དྲན་པ།


ས་སྒང་ཇེ་ཆུང་ཇེ་དོག་འགྱུར་ལྡོག་འཁོར་ལོ་འཁོར་འཁོར།།

ཟུར་གསུམ་རྨི་ལམ་རིང་མོར་གྲུ་ཟུར་སྣེ་ཁ་ཇེ་མང་།།

སྣང་བར་གཤོག་པ་ཐོགས་ཏེ་མཁའ་ན་ལྡིང་སྐོར་བརྒྱབས་ཡོད།།

བར་སྣང་ཁམས་ལ་ཤོར་ན་མཐོང་ལམ་སྒྱུ་མའི་གྲོང་རེད།།


འཇིག་རྟེན་སྐད་ཅིག་ཉིད་ལ་སྤར་བ་གང་གི་ཚོད་རེད།།

སྐག་ན་འཁོར་གསུམ་མེད་ཀྱང་སྤུ་གྲིའི་སོ་ཁ་འཛིན་འདོད།།

མཁའ་མཐའི་སྤྲིན་པ་དཀར་པོ་དམ་མེ་དུམ་མེར་བཏང་ཡོད།།

གོས་སུ་སྤྲིན་པ་མནབས་ཏེ་ཉི་ཟླ་རྣ་ཆ་བྱས་ཡོད།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号