མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་གི་མཛད་རྗེས་བརྗོད་པ་རིག་པའི་ཁུ་བྱུག་དགྱེས་པའི་བཞད་སྒྲ།

རིག་པའི་ཁུ་བྱུག 

༄༅། །མདོ་སྔགས་རིག་གནས་བཅས་ལ་མཁས་པར་དབང་། །
སྙན་པའི་གྲགས་པ་དུང་དཀར་གཡས་འཁྱིལ་སྒྲས། །
བློ་བཟང་རྒྱལ་བའི་འཕྲིན་ལས་སྐྱོང་མཛད་པའི། །
མཁས་པའི་གཙུག་རྒྱན་ཞབས་ལ་གུས་པས་འདུད། །

གསེར་ཞལ་མཇལ་ཚེ་གསུང་གི་ཡང་སྙིང་དུ། །
དུས་དང་རྣམ་ཀུན་རང་ལུས་ཐེག་ཚོད་ཀྱིས། །
གངས་ཅན་འགྲོ་བའི་ལ་རྒྱ་གཙུག་འཛིན་གྱིས། །
སྐད་ཡིག་སློབ་གསོ་དགོས་གལ་ནན་གྱིས་གསུངས། །

སྙན་ངག་རྩོམ་པའི་གཞུང་ལ་འཇུག་པའི་ཚུལ། །
ལེའུ་གསུམ་གྱི་རྣམ་བཞག་རྒྱས་བསྟན་པའི། །
ཚིག་རྒྱན་རིག་པའི་སྒོ་འབྱེད་ཅེས་གྲགས་པས། །
སྙན་རྩོམ་རིག་པའི་འཆད་ཉན་རྒྱས་པར་བྱས། །

བོད་ཀྱི་དཀར་ཆག་རིག་པ་ཞེས་པ་རུ། །
དཀར་ཆག་གཞུང་ལུགས་བྱུང་བའི་ལོ་རྒྱུས་དང་། །
དཔེ་རྙིང་མྱུར་སྐྱོབ་ལེགས་སྒྲིག་ཉམས་མྱོང་གི། །
ལེགས་པར་བཤད་པའི་གཏམ་གྱི་སྒོ་འབྱེད་མཛད། །

ཕྱི་ནང་གྲུབ་མཐའི་གཞུང་དང་ལྟ་གྲུབ་སྐོར། །
རྣམ་བཤད་གསལ་བ་ལུང་ལྡན་ཁུངས་ཐུབ་དང་། །
ཚིག་ཉུང་དོན་འདུས་ཁ་གསལ་གོ་བདེ་ཡི། །
ཁྱད་ཆོས་ལེགས་བཤད་འབུམ་གྱི་སྣང་བ་རྒྱས། །

ཁ་བ་ཅན་གྱི་ལོ་རྒྱུས་དང་འབྲེལ་བའི། །
ཆོས་སྲིད་གཉིས་ཀྱི་ཐུན་མིན་ཁྱད་པར་ལས། །
ཟུང་དུ་འབྲེལ་ཚུལ་སྐོར་གྱི་བཤད་པ་དང་། །
མི་ཉག་སོགས་ཀྱི་ལོ་རྒྱུས་དོགས་གཅོད་མཛད། །

གནའ་དེང་རིག་གནས་ལོ་རྒྱུས་ཞིབ་ཏུ་བསྡུར། །
མདོ་སྔགས་ལྟ་གྲུབ་དཀའ་གནས་དོགས་གཅོད་མཛད། །
བཟོ་གསོ་སོགས་ཀྱི་གཞུང་དོན་ཕྲ་རགས་གནད། །
ཡང་དག་མཐའ་དཔྱོད་བྱས་པའི་དཔྱད་རྩོམ་རྨད། །

འཕགས་བོད་གཙོས་པའི་ཆོས་དང་རིག་གནས་ཀྱི། །
ལོ་རྒྱུས་བརྗོད་པའི་དེབ་ཐེར་དམར་པོ་ཡི། །
གཞུང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་འདི། །
ཁུངས་ལྡན་གསལ་བར་བྱེད་པའི་མིག་དཔེར་གྱུར། །

གངས་ཅན་བོད་ཀྱི་སྐད་ཡིག་ཁྱད་ཆོས་ལས། །
སུམ་རྟགས་གཉིས་ཀྱི་དགོངས་དོན་གསལ་འགྲེལ་དང་། །
ཡིག་སྒྱུར་ཡིག་གཟུགས་སོགས་འབྲེལ་སློབ་གསོ་ཡི། །
བཅོས་བསྒྱུར་འཕེལ་རྒྱས་གཏོང་ཐབས་ལེགས་བཤད་མཛད། །

དཔེ་དེབ་གསར་བསྐྲུན་ཚོགས་འདུ་སོགས་ཀྱི་སྐབས། །
གླེང་གཞི་དང་ནི་གསུང་བཤད་མཛད་པ་ཡི། །
གསུང་གི་ལེགས་རྩོམ་གཅིག་ཏུ་བསྒྲིགས་པ་ཡི། །
ཚད་ལྡན་མཁས་པའི་མཁྱེན་དཔྱོད་འོད་སྣང་འཕྲོ། །

མཁས་དབང་གང་གི་གསུང་གི་ལེགས་རྩོམ་དག།
མི་རབས་ཕྱི་མས་འབྲི་ཀློག་བྱ་བ་ལ། །
དགོངས་པའི་ཡང་སྙིང་ཚུལ་བཞིན་གསལ་བྱེད་དུ། །
འཛིན་སྐྱོང་སྤེལ་གསུམ་བྱ་བའི་རེ་སྐུལ་ཞུ། །

དུས་མཐའི་བློ་ཆུང་རིག་པའི་ཁུ་བྱུག་གིས། །
ཁྱེད་སྐུ་མཇལ་ཞིང་གསུང་དངོས་ཐོས་པ་ཡིས། །
ཚེ་བསོད་རླུང་རྟ་དར་བའི་བསོད་ནམས་ཀྱིས། །
སྐད་ཡིག་སློབ་གསོའི་དོན་བྱེད་ནུས་མཐུ་སྩོལ། །

འདིར་འབད་བསགས་པའི་དགེ་བ་ཅི་མཆིས་ཀྱིས། 
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི། །
གསུང་གི་མཛད་རྗེས་དར་བའི་ལེགས་ཚོགས་ཀུན། །
གངས་ལྗོངས་རིག་དཔལ་རྒྱས་པའི་རྒྱུར་གྱུར་ཅིག །

ཅེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཀ་ནས་ཉ་བར་བཞུགས་པའི་པོད་བརྒྱད་ཀྱི་རྣམ་གྲངས་ཅན་ནི་རྣམ་རྒྱལ་ར་འཕྲིན་ལས་རྒྱ་མཚོས་ཕྱོགས་བསྒྲིགས་མཛད་ཅིང་། དུས་ཕྱིས་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༤ལོའི་ཟླ་༣པར་པར་གཞི་ཐེངས་དང་པོ་བསྒྲིགས་ནས་༢༠༠༤ལོའི་ཟླ་༣པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པའི་དེབ་དག་ནི་བོད་ཁ་བ་ཅན་གྱི་རིག་པ་སྨྲ་བ་རྣམས་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་བྱ་བའི་སྤྱན་ལམ་དུ་བཞུགས་སུ་གསོལ་བ་ལ་ངོས་འཛིན་ཇི་ལྟར་བྱ་དགོས་སྙམ་ན། ནོར་བྲང་ཨོ་རྒྱན་གྱིས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་ཇ་པོད་སྟེ་སྐད་ཡིག་དང་སློབ་གསོ་ཞེས་པའི་དེབ་ཀྱི་འགོ་བརྗོད་དུ་བྲིས་པའི་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་གསུང་འབུམ་པར་བསྐྲུན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞེས་པར། དུང་དཀར་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཀྱིས། །མ་རིག་མུན་སེལ་བཀྲ་ཤིས་ཡོངས་འཕེལ་བ། །བློ་ཆེན་བཟང་པོའི་འཕྲིན་ལས་སྲིད་མཐའི་བར། །གསལ་བའི་བསྟན་བཅོས་གངས་ཅན་མཁས་པའི་ནོར། །ཞེས་པས་ཤེས་དགོས་ཤིང་། མཁས་དབང་དུང་དཀར་མཆོག་གི་གསུང་རྩོམ་དག་གི་ཕན་ནུས་ལ། ཡང་ཁོང་གིས། འདི་ནི་རིན་ཆེན་སྤུངས་པའི་ལྷུན་པོ་དང་། །གཉིས་མེད་གངས་ལྗོངས་རིག་པའི་མཛོད་ཆེན་པོ། །ཇི་ཙམ་སྤྱད་ཀྱང་འཛད་པ་མ་མཆིས་པ། །མིག་སྐྱའི་མཛོད་ཀྱི་ཁེངས་པ་ཅིག་ཅར་འཕྲོག  །ཅེས་པ་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་གི་མཛད་རྗེས་ལ་བསྔགས་པར་མཛད་པ་ནི། གནས་ལྔ་རིག་པའི་གནས་ལུགས་དེ་ཁོ་ན། །དཔྱད་གསུམ་རྣམ་པར་དག་པའི་ལུང་རིགས་ཀྱིས། །གཏན་ལ་ཕབ་པའི་གང་གསུང་ཆོས་ཀྱི་ཆར། །གངས་ཅན་རིག་པའི་གསོས་སུ་སྤེལ་འདི་རྨད། །ཅེས་པ་སོགས་ཀྱིས་ཤེས་དགོས་ཤིང་། ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དངོས་སློབ་ཏུ་གྱུར་ཅིང་ད་ལྟར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་དགྲ་འདུལ་གྱིས་གསུང་འབུམ་ལས་ཁ་པོད་དེ་བོད་ཀྱི་དཀར་ཆག་རིག་པ་ཞེས་པའི་དེབ་ཀྱི་འགོ་བརྗོད་དུ་བྲིས་པའི་བཤེས་གཉེན་ཕྱིར་དྲན་གྱི་དུང་སྒྲ་ཞེས་པར། དུང་དང་འདྲ་བའི་ལྷག་བསམ་བཟང་པོའི་བློ། །དཀར་པོ་དགེ་བར་གཏད་པས་ས་ལམ་བཟང་། །རིན་བྲལ་ནོར་ནུས་འགྲན་དཀའི་འཕྲིན་ལས་ཀྱིས། །པོ་ཏའི་ཏོག་ཅན་གངས་ཅན་ཡུལ་གྲུ་འདིར། །ཆེ་བའི་སྒྲ་དབྱངས་དང་བཅས་འགྲོ་དོན་བསྐྱངས། །ཞེས་པ་སོགས་ཀྱིས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་སྤྱི་དང་བྱེ་བྲག་གི་ཡོན་ཏན་དང་ཁྱད་ཆོས་སོགས་ངེས་པར་དུ་ཤེས་དགོས་ལ། གུས་པའང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྐུའི་གསེར་ཞལ་མཇལ་ཞིང་གསུང་དངོས་ཐོས་པ་དང་། སྒོས་སུ་མཁས་དབང་ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་ཁོང་གིས་སྐུ་ཚེའི་སྟོད་སྨད་བར་དུ་དུས་འགྱུར་སོགས་ཀྱི་དབང་གིས་རྐྱེན་ངན་དང་སྐུ་ངལ་སོགས་ཆེ་ཆུང་གང་ལ་འཕྲད་པར་ཐུག་ཀྱང་སྐུ་ཐུགས་གཉིས་ཆ་ནས་གཡོལ་བ་སྤུ་ཙམ་ཡང་མ་མཛད་པར་བོད་ཀྱི་སྐད་དང་ཡི་གེ་གཉིས་གཙོས་པའི་རིག་གནས་སྤྱི་དང་བྱེ་བྲག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་དང་ལག་ལེན་སོགས་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོད་རྩོམ་གསུམ་མཛད་པའི་ཕྱག་རྗེས་ལ་དད་གུས་སྤྲོ་སོགས་རྩེ་གཅིག་ཏུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོ་ཞེས་པའང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཞལ་ནས་སྐུ་རྩེད་ཀྱི་ཚུལ་དུ། རྒྱལ་བའི་བཀའ་དགོངས་སྲུང་བ་ལ། །མགོན་པོས་ཚུལ་བཞིན་སྒྲུབ་པར་ངེས། །ཞེས་པས་སློབ་འབངས་གུས་པའི་མིང་གི་སྒྲ་དོན་ཡང་རྟེན་འབྲེལ་ལེགས་པར་གསུངས་པ་དང་། གངས་ཅན་རིག་པ་སྨྲ་བའི་ཚོགས་སུ་རིག་པའི་ཁུ་བྱུག་ཅེས་གྲགས་པ་དང་། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་མེ་ཁྱི་ལོའི་ཟླ་བ་བཅུ་གཅིག་པའི་གནམ་གང་སྟེ་སྤྱི་ལོ་༢༠༠༧ལོའི་ཟླ་༡པའི་ཚེས་༡༩ཉིན་དུ་བྲིས་པའི་ཟིན་ཐོ་ཙམ་བཞུགས་པ་ལ་སླད་ནས་ཚིག་སྦྱོར་ལེགས་བཅོས་ཕྲན་བུ་བྱས་ནས་སྤེལ་བ་དགེའོ། ། དགེའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号