སླ་ངའི་ཕྱི་ནང་།

ཞི་བདེ་ཉི་མ།

 

རི་གསུམ་གྱི་རྩེ་མོར།

ལྕགས་ཀྱི་སླ་ང་ཞིག་བསྐྱོན་འདུག

འུ་གཉིས་ཀྱིས་སླ་ངའི་ནང་དུ།

ཀུ་རེ་རྩེད་ཀྱིན་ཡོད།

(སླ་ངའི་ཕྱི་རོལ་ཏུ་མེ་ཁ་གསོ་བཞིན་འདུག)


ཀུ་རེ་ཕར་རྩེད་ཚུར་རྩེད་ཡུན་རིང་བྱས་རྗེས།

ཁྱོད་གྱིས་ཡང་ཡང་ཁོང་དགོད་བྱེད་བཞིན།

ངའི་ཕྲག་པར་ཐལ་ལྕག་ཡང་ཡང་རྡེབ།

(སླ་ངའི་ཕྱི་རོལ་ཏུ་དུ་བ་འཕྱུར་གྱིན་འདུག)


རིམ་གྱིས་ཁྱོད་གཟབ་ནན་དུ་གྱུར།

ང་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས།

མིག་རིག་རིག་གིས་ཁྱོད་ལ་ཉན།

ལུས་སྒུར་སྒུར་གྱིས་ཁྱོད་ལ་གུས།

(སླ་ངའི་ཕྱི་རོལ་ཏུ་མེ་འབར་གྱིན་འདུག)


ཁྱོད་ཀྱིས་ཅོག་ཙེའི་སྟེང་།

ཁུ་ཚུར་གྱིས་ཡང་ཡང་གཞུས།

ཁུ་ཚུར་སྟེང་ཁྲག་དམར་འཛིར།

སྦྲང་ཐ་ཁ་ཤས་ཤིག་གིས།

ཁྲག་ལ་འཇིབ་འཇིབ་བྱེད།

ང་ལ་ན་ཟུག་བསྲོན་མི་ཐུབ་པ་ཞིག་སྐྱེས།

(སླ་ངའི་ཕྱི་རོལ་ཏུ་གྲི་རྡར་གྱིན་འདུག)


ཁྱོད་ཀྱིས་ང་ལ་འཆི་བ་ཞིག་གླེང་གིན་འདུག

ང་ཡིས་ཁྱོད་ལ་འཚོ་བ་ཞིག་གླེང་གིན་འདུག

ཁྱོད་ཀྱིས་མིག་ཟུང་དམར་པོར་གྱུར་ནས།

ངའི་ཁ་ཕོར་ཕྱེད་ཀ་གཉིས་སུ་བགོས།

ཕྱེད་ཀའི་ངོས་སུ་དམྱལ་བ་བྲིས།

ཕྱེད་ཀའི་ངོས་སུ་སྐྱེ་བ་བྲིས།

གས་སྲུབས་མཆིལ་ཞག་གིས་བསུབ་པར་བྱེད

ང་ལ་ཅི་ཡང་མ་ལྷག་པར།

ཁ་ཕོར་གྱི་ཆག་རོ་ཡང་དང་བསྐྱར་དུ་བསྒྲིག

( སླ་ངའི་ཕྱི་རོལ་ཏུ་ཧབ་ཆ་རྒྱག་གིན་འདུག)


ཁྱོད་ཀྱིས་མི་ལྤགས་ཀྱིས་བཏུམས་པའི།

ལེགས་བཤད་ཚན་པ་ཚན་པ།

ངའི་མདུན་དུ་བརྩེགས།

མི་རྐང་གིས་བཟོས་པའི།

བཅའ་ཡིག་ཚན་པ་ཚན་པ།

ངའི་རྣ་ལམ་དུ་འབུད།

(སླ་ངའི་ཕྱི་རོལ་ཏུ་གློ་ལུ་རྒྱག་གིན་འདུག)


ཉིན་དང་མཚན་མོ་རེ་རེ་བཞིན་འདས།

ངེད་གཉིས་ཀྱི་བར་ལ་རྩོད་གླེང་བྱུང་།

ཁྱོད་ཀྱིས་ང་ལ་རྡོ་ཞིག་གི་ཕྱི་ནང་བརྗོད།

ང་ཡིས་ཁྱོད་ལ་མི་ཞིག་གི་འཚོ་སྟངས་བརྗོད།

ཕར་ལབ་ཚུར་རྩོད་ལན་མང་བྱས་རྗེས།

ཁྱོད་སྐོམ་གྱིན་འདུག

ང་བཀྲེས་ཀྱིན་འདུག

འུ་གཉིས་རིམ་གྱིས་དལ་ཅག་གེར་ལུས།

(སླ་ངའི་ཕྱི་རོལ་ཏུ་དུང་འབུད་བཞིན་འདུག)

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号