ཐུམ་འབུའི་ནད།

ཧྲོང་བོ་ཚེ་བརྟན་རྒྱལ།

གཅིག། གནོད་པ་གཙོ་བོ།

ཐུམ་འབུའི་ནད་ལ་ཚེར་ཟླུམ་འབུ་ཕྲུག་ནད་ཀྱང་ཟེར། དེ་ནི་ཚེར་ཟླུམ་རྒྱུ་སྲིན་ལེབ་མོའི་འབུ་ཕྲུག་དེ་ནོར་གནག་དང་ལུག་སོགས་སྲོག་ཆགས་དང་མིའི་རིགས་ཀྱི་མཆིན་པ་དང་། གློ་བ་སོགས་ལ་གནས་ཏེ་མི་དང་སྒོ་ཕྱུགས་གཉིས་ཀར་འབྱུང་པའི་གཞན་བརྟེན་སྲིན་འབུའི་ན་ཚ་ཞིག་ཡིན། ཐུམ་འབུ་ལ་ངོ་བོའི་སྒོ་ནས་རིགས་གཉིས་མཆིས་ཏེ། དེ་ནི་ཤ་སྐྲན་གྱི་ཐུམ་འབུ་དང་ཆུ་སྐྲན་གྱི་གྱི་ཐུམ་འབུ་གཉིས་ཡིན། ཐུམ་འབུའི་ནད་འབྱུང་ཡུལ་གཙོ་བོ་ནི་འབྲོག་ཁུལ་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་ལ་མཚོན་ན་བབས་ས་གནས་ཀྱི་དབང་གིས་མཆིན་པའི་ཐུམ་འབུ་དང་གསུས་ཁོག་ཐུམ་འབུ་གཉིས་ཤིན་ཏུ་མང་། མི་ལ་མཆིན་པའི་ཐུམ་འབུའི་ན་ཚ་བྱུང་པ་ན། མཆིན་པའི་རྩ་བོ་ཆེར་བཙན་གནོན་ཐེབས་པ་དང་། མཆིན་པ་དང་མཚེར་བ་ཆེར་རྒྱས་ཤིང་ཟུངས་ཉམས་ནས་ལུས་རིད་པ་རེད། མཆིན་ནུས་ཉམས་ཤིང་རྒུད་པ་དང་། ཚབས་ཆེ་ན་དམུ་ཆུ་རུའང་འགྲོ་ཞིང་ཚེ་སྲོག་འཕྲོག་པའི་ཉེན་ཁ་ཤིན་ཏུ་ཆེའོ། །
གཉིས། འགོས་མཆེད་བརྒྱུད་ལམ།

ཁྱི་ནི་གཞན་བརྟེན་ཚེར་ཟླུམ་རྒྱུ་སྲིན་ལེབ་མོའི་རྟེན་ཡུལ་གཙོ་བོ་དང་ནད་དེ་འགོས་མཆེད་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད། ད་དུང་སྤྱང་ཀི་དང་ཝ་སོགས་གཅན་གཟན་ཤ་གཟན་གྱི་རིགས་ཀྱང་སྲིན་བུ་འདིའི་རྟེན་ས་དང་མཆེད་ཁུངས་ཡིན། ཐུམ་འབུའི་ནད་འབྱུང་མང་པའི་འབྲོག་ཁུལ་ལ་ལ་རུ་རིམས་འགོག་ཆེད་ལས་པས་ཨ་བྲ་བཤས་ཏེ་རྒྱུ་མའི་ནང་དུ་བལྟས་ན་ཡང་ཐུམ་འབུའི་སྲིན་བུ་མཐོང་རྒྱུ་འདུག་ཟེར་བ་ཐོས་མྱོང་། གནག་མོ་ནོར་དང་གཡང་མོ་ལུག་ནི་ཐུམ་འབུའི་བར་གྱི་རྟེན་ཡུལ་ཡིན། ད་དུང་སྒོ་ཟོག་ཕག་དང་རི་དྭགས་རྩྭ་གཟན་གྱི་རིགས་ཀྱང་ཐུམ་འབུའི་གཞན་རྟེན་སྲིན་བུའི་རྟེན་ས་ཡིན། ཚེར་ཟླུམ་རྒྱུ་སྲིན་ལེབ་མོ་དེ་ཁྱི་ཡི་རྒྱུ་མ་རུ་གཞན་བརྟེན་བྱས་ཏེ་གནས་པ་དང་། ཟུངས་ཤུགས་སྨིན་ནས་འབུ་སྒོང་ཁྱི་སྐྱག་དང་བསྡོངས་ཏེ་ཁྱི་ཡི་ཁོང་ནས་ཕྱིར་འཕུད་པར་བྱེད། ཁྱི་སྐྱག་ལས་བརྡོལ་བའི་ཐུམ་འབུའི་འབུ་སྒོང་དེ་དག་ནོར་གནག་གི་རྩིད་པགས་དང་། ལུག་གི་བལ་པགས། རྟ་དང་བོང་བུའི་སྤུ་པགས།ཁྱིམ་གསོས་བྱི་ལ་དང་སྒོ་ཁྱིའི་སྤུ་པགས་སོགས་སུ་འགོས་ནས་མཆེད་པར་བྱེད་པ་མ་ཟད། ད་དུང་ཁྱི་སྐྱག་དང་འབུ་སྒོང་དེ་ཁྱབ་ཡུལ་གྱི་ཁོར་ཡུག་ལའང་འབོག་བཙོག་ཐེབས་པ་རེད། ཐུམ་འབུའི་ན་ཚ་འགོས་ཕོག་མང་པའི་འབྲོག་ཁུལ་ཁ་ཤས་སུ་འགོས་རིམས་ཆེད་མཁས་པས་བརྟག་པ་ལྟར་ན་ས་དེ་གའི་གྲོ་ལྷས་དང་ནོར་ལྷས་ལུག་ལྷས་བཅས་ཀྱི་ས་ནག་སློགས་ན་ཡང་ཐུམ་འབུའི་འབུ་སྒོང་རྙེད་ཐུབ་པར་འདུག་ཟེར་བ་ཐོས་མྱོང་ཡོད། བདེན་མིན་ཕྱིས་སུ་དཔྱད་བྱ་ཞིག་རེད། དེ་ལྟར་མིས་སྒོ་ཁྱི་ལ་བྱིལ་བྱིལ་བྱེད་པའམ་ཡང་ན་བཏགས་ཁྱི་བཏགས་འདོགས་བྱེད་པ་ལས་ཐུག་རེག་བྱས་པ་བརྒྱུད། སྒོ་ཁྱིའི་སྤུ་པགས་ལ་འགོས་པའི་ཐུམ་འབུའི་འབུ་སྒོང་དེ་མིའི་ལག་པ་དང་མཛུབ་མོ་ལ་ཤེས་མེད་ཚོར་མེད་དུ་འགོས་ཏེ། ལག་པ་མ་བཀྲུས་པར་ཟ་མ་ཟ་བ་སོགས་དང་སྦྲགས་ཏེ་མིའི་ཁ་ནང་དུ་སོང་ནས། ཕོ་ཁ་དང་རྒྱུ་སོར་བཅུ་གཉིས། མཆིན་པའི་རྩ་བོ་ཆེ་བཅས་བརྒྱུད་དེ་མཆིན་པའི་གནས་སུ་སོང་ནས་མཆིན་པའི་ཐུམ་འབུའི་ནད་འབྱུང་བ་མ་ཟད། ད་དུང་གློ་བ་དང་ཀླད་པ་བཅས་སུའང་ཐུམ་འབུའི་ནད་མཆེད་པར་བྱེད། ཁྱི་སྐྱག་ལས་ཐུམ་འབུའི་འབུ་སྒོང་བརྡོལ་བའི་རྩྭ་ཐང་གི་རྫ་ཆུ་དང་གཡའ་ཆུ། ཁྲོན་པའི་ཆུ། གྲམ་ཆུ་བཅས་མིའི་བཏུང་བ་བརྒྱུད་དེ་མི་ལ་འགོས་མཆེད་འབྱུང་། འབྲོག་པའི་རྩྭ་ཐང་དུ་ཁྱི་ལྡོམ་མང་པ་དང་ཁྱི་སྡོམ་དེ་དག་གིས་རྩྭ་ཐང་གི་དྭངས་ཤིང་གཙང་པའི་རྫ་ཆུ་སོགས་སུ་ཁྱི་སྐྱག་བཏང་པ་ལས་ཐུམ་འབུའི་འབུ་སྒོང་ཆུ་རུ་འདྲེས་པ་མིས་བཏུང་པས་ད་གཟོད་མི་ལ་འགོས་མཆེད་འབྱུང་། ནོར་ལུག་གིས་ཐུམ་འབུའི་འབག་བཙོག་ཐེབས་པའི་རྩྭ་ཆུ་རོལ་བ་བརྒྱུད་དེ་འགོ་བ་དང་། ཁྱི་དང་སྤྱང་ཀི་ཝ་བཅས་ཤ་གཟན་རིགས་ཀྱིས་རྟ་ནོར་ལུག་གསུམ་དང་ཨ་བྲ་བྱི་བ་སོགས་ཐུམ་འབུའི་འབུ་སྲིན་འགོས་པའི་རྩྭ་གཟན་གྱི་ནང་ཁྲོལ་དང་མཆིན་པ་གློ་བ་སོགས་ཟོས་པས་ཕན་ཚུན་ལ་འགོ་བ་རེད།
གསུམ། སྔོན་འགོག

༡ ས་གནས་ཀྱི་ནད་རིམས་ཚོད་འཛིན་ལྟེ་གནས་དང་གྲོང་རྡལ་འཕྲོད་བསྟེན་ཁང་། ཁྱད་པར་དུ་སྡེ་བའི་སྨན་པས་རང་རང་ལས་བགོས་ཀྱི་འབྲོག་སྡེ་སོ་སོར་ཐུམ་འབུའི་ན་ཚ་སྔོན་འགོག་གི་ཤེས་བྱ་ནན་ཏན་ངང་གསལ་བསྒྲགས་བྱེད་དགོས།

༢ འབྲོག་ཁུལ་གྱི་སྐྱེས་ཕོ་མོ་ཁ་རྒན་གཞོན་སུ་ཞིག་ཡིན་ཡང་སྒོ་ཁྱི་ལ་ཐུག་རེག་བྱུང་མ་ཐག་ལག་པ་གཙང་མར་བཀྲུ་བ་དང་། བཏགས་ཁྱི་དང་བཏང་ཁྱི་ཧྭ་ཁྱི་གང་ཡིན་ཡང་དེ་དག་གི་ཁྱི་སྐྱག་གང་སར་ཁྱབ་ཏུ་མི་འཇུག་པར་ཆེད་ལས་སྨན་པར་བཀའ་འདྲིའི་སྒོ་ནས་དུག་སེལ་གྱིས་གཏན་འཁེལ་གྱི་ས་གནས་ཤིག་ཏུ་སྦ་བར་བྱེད་དགོས།

༣ རྫ་ཆུ་དང་གྲམ་ཆུ་ཆུ་མིག་གི་ཆུ་སོགས་གང་ལྟར་མིའི་བཏུང་ཆུ་རུ་ཁྱི་ལྡོམ་དང་བཏང་ཁྱིས་ཁྱི་སྐྱག་མི་གཏོང་བར་བྱ་དགོས།

༤ དུས་ལྟར་སྒོ་ཁྱི་ལ་སྲིན་འཇོམ་གསོ་བཅོས་ཆེད་ལས་སྨན་པས་མངག་བཅོལ་ལྟར་བྱེད་དགོས།

༥ སྒོ་ཟོག་ནད་ཅན་གྱི་གློ་མཆིན་སྒོ་ཁྱི་ལ་ཟ་རུ་འཇུག་མི་ཉན།

༦ འབྲོག་ཁུལ་ལ་ལ་ནས་ཤ་རབ་ཅིག་ཟ་ན་རློན་པ་ཟོ་ཞེས་ནོར་ལུག་གི་ཤ་རྗེན་པ་མ་བཙོས་པར་འཁེངས་སུ་བཅུག་ནས་ཟ་བའི་གོམས་གཤིས་མཆིས་པ་དང་། ལྟོས་ས་ལྟོས་འཇོག་གིས་བཤད་ན་ཐུམ་འབུའི་ན་ཚ་འབྱུང་ཡུལ་གཙོ་བོ་ཤ་རྗེན་ཟ་ས་དེ་དག་ཡིན་འདུག་པས།ད་ནས་བཟུང་ཤ་རྗེན་ཟ་བའི་སྲོལ་དེ་དོར་ནས་ཤ་བཙོ་བའི་གོམས་སྲོལ་ཆགས་པར་བྱ་དགོས།

༦ ཡང་འབྲོག་ཁུལ་ཁ་ཤས་སུ་སྡིག་པ་འཛེམས་ནས་ནོར་ལུག་ཤ་ཤེད་ཅན་བཤས་པའི་ཤ་འཚོ་བཅུད་ཅན་མི་ཟ་བར་སྒོ་ཕྱུགས་ནད་ཀྱིས་ཤི་བའི་ཤ་ཟ་མཁན་ཡང་ཤིན་ཏུ་མང་བ་རེད། ཁོ་ཁོས་འདིར་གལ་བོ་ཆེ་ལ་ནན་ཏན་གྱིས་སྨྲ་འདོད་པ་ནི། བཤས་ཤ་འཚོ་བཅུད་ཅན་མི་ཟ་ན། ཤི་ཤ་ཤ་རྗུད་ནད་ཅན་དེ་གཏན་ནས་ཟ་མི་རུང་སྟེ་དེ་ལ་གཅིག་ནས་ལུས་ཟུངས་གསོ་བའི་བཅུད་མེད་པ་ཟད། དེ་ནད་ཤ་ཡིན་པས་དེ་ཟ་མཁན་གྱི་མི་ལ་ཐུམ་འབུའི་ནད་སོགས་འགོ་བ་གོར་མ་ཆག

༧ ལོ་རེ་རེ་བཞིན་ས་གནས་ཚད་ལྡན་སྨན་ཁང་དུ་སོང་ནས་ཐུམ་འབུའི་ན་ཚ་མཆིས་མིན་ལ་བརྟག་དཔྱད་བྱེད་པའི་གོམས་གཤིས་ཆགས་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号