ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་རུ་མི་ཚའོ་རུའུ་མེ་ཡིས།

བློ་གཅིག་སེམས་གཅིག་ངང་བྱིས་པའི་བདེ་ཐང་བསྐྱངས་པ།

“ངས་ཚད་ཡོད་ཀྱི་དུས་ཚོད་ནང་བྱ་བ་དངོས་དེ་བས་མང་བ་བསྒྲུབས་ནས་འབྲོག་ཁུལ་གྱི་ཕྲུ་གུ་དེ་བས་མང་བར་བདེ་ཐང་དང་སྤྲོ་སྣང་སྦྱིན་གྱི་ཡིན”མངའ་རིས་སུ་སླེབས་ནས་ལོ་གཉིས་སོང་རིང་། ཧོ་པེ་ཞིང་ཆེན་གྱི་སྨན་བཅོས་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་རུ་མི་ཚའོ་རུའུ་མེ་ཡིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་དུ་ཡོང་སྐབས་བཞག་པའི་དམ་བཅའ་ལག་ལེན་བསྟར་བཞིན་ཡོད།

2022ལོར་ཚའོ་རུའུ་མེ་ཡིས་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཁོངས་མི་ཞིག་གི་ངོས་ནས་མངའ་རིས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པར་འོང་བ་དང་གཙོ་བོ་བྱིས་ནད་ཚན་ཁག་གི་ལས་ཀའི་འགན་འཁུར་གྱི་ཡོད། མངའ་རིས་ས་ཐག་རིང་ཞིང་ལུང་ཁུག་ཏུ་གནས་པར་བརྟེན་འབྲོག་པ་མང་ཚོགས་སྨན་པ་བསྟེན་པར་དཀའ་ངལ་ཡོད། བོད་དུ་ལས་ཀ་བྱས་ནས་ལོ་གཉིས་ལྷག་ཙམ་སོང་རིང་། ཁོང་གིས་སྨན་ཁང་གི་ལས་ཀ་ལེགས་པར་སྒྲུབ་ཞོར་དུ་ལ་ཀླུང་བརྒལ་ནས་ས་བབ་དེ་བས་མཐོ་བ་དང་རང་བྱུང་ཁོར་ཡུག་དེ་བས་ཞན་པའི་ཤང་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་མི་སེར་ལ་སྨན་བཅོས་བྱེད་པར་ཐེངས་མང་བསྐྱོད།

2023ལོའི་ཟླ་12པར། རྩྭ་མདའ་རྫོང་བསྟི་ཡག་ཤང་ལ་སྐོར་སྐྱོད་སྨན་བཅོས་བྱེད་དགོས་ཀྱི་ཡོད། བསྟི་ཡག་ཤང་ནི་མཐའ་མཚམས་ཤང་ཞིག་ཡིན་ཞིང་། སེང་གེ་ཁ་འབབ་གྲོང་རྡལ་བར་རླངས་འཁོར་ཆུ་ཚོད་7ལྷག་ཙམ་གཏོང་དགོས་ཀྱི་ཡོད། བསྟི་ཡག་ཤང་དུ་སླེབས་པའི་ཉིན་གཉིས་པར་འབྲོག་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་འགྲོ་གྲབས་ཡོད་པའི་ཁོང་ལ་བསྟི་ཡག་ཤང་འཕྲོད་བསྟེན་ཁང་གི“ལོ་གཅིག་ལ་སླེབས་པའི་བུ་ཞིག་ལུས་ཁམས་མི་བདེ་བས་ལམ་སེང་མྱུར་སྐྱོབ་བྱེད་དགོས་ཀྱི་འདུག”ཅེས་པའི་རོགས་སྐྱོར་རེ་ཞུའི་ཁ་པར་འབྱོར། ཁ་པར་བཞག་མ་ཐག་ཚའོ་རུའུ་མེས་འཕྲལ་མར་འཕྲོད་བསྟེན་ཁང་དུ་བསྐྱོད། ཤང་དེར་འབྲེལ་ཡོད་ཞིབ་བཤེར་སྒྲིག་ཆས་ཀྱི་རམ་འདེགས་མེད་པས། ནད་གཞི་བརྟག་པར་སྨན་པའི་སྨན་བཅོས་ལག་རྩལ་དང་ནད་ཐོག་ཉམས་མྱོང་ལ་བརྟེན་དགོས། ཚའོ་རུའུ་མེས་བྱིས་པ་ནད་པའི་ལུས་ཕུང་ལ་བརྟག་དཔྱད་བྱེད་ཞོར་དུ་ན་ལུགས་ན་སྟངས་སྐད་ཆ་ཞིབ་ཕྲ་དྲིས། མཐར་ཁོང་གིས་གློ་ཡུའི་གཉན་ཚད་ལྕི་པོ་ཕོག་པའི་ནད་ངོས་འཛིན་པ་རེད། དེ་རྗེས་ས་གནས་དེ་གའི་སྨན་པ་དང་མཉམ་དུ་ལག་ལེན་དུ་འཁྱོལ་ཐུབ་པའི་སྨན་བཅོས་ཇུས་གཞི་ཏན་ཏིག་བཟོས་པ་དང་བྱིས་པ་དེར་སྨན་བཅོས་བྱས་རྗེས། ནད་རྟགས་ལྕི་པོ་མགྱོགས་མྱུར་ངང་ཞི་འཇགས་སུ་བཏང་བ་རེད།

བྱིས་པ་དེར་སྨན་བཅོས་བྱེད་པའི་བར་གསེང་དུ་ཚའོ་རུའུ་མེས་ངལ་གསོ་ཕྲན་ཙམ་ཡང་བརྒྱབ་མེད། ཁོང་གིས་ནད་དཔེ་དངོས་ལ་བརྟེན་ནས་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་གཅིག་ཏུ་སྐོང་སྟེ་ས་ཆ་དངོས་སུ་གློ་ཡུའི་གཉན་ཚད་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་དེ་བཞིན་སྨན་བཅོས་བརྒྱུད་རིམ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་གསལ་བཤད་བརྒྱབ་པ་རེད།

ཉིན་དེར་གྲོང་གསེབ་ཏུ་སྐོར་སྐྱོད་སྨན་བཅོས་བྱེད་པའི་ལས་འགན་ལེགས་སྒྲུབ་བྱ་ཆེད། བྱིས་པ་དེ་སྲོག་ཉེན་ལས་ཐར་མ་ཐག་ཚའོ་རུའུ་མེ་དེ་མུར་འབྲོག་ཁུལ་དུ་བསྐྱོད་པ་རེད། དེ་ནས་འབྲོག་ཁུལ་གྱི་བྱིས་པ་20ལྷག་ཙམ་ལ་གཟུགས་པོ་ནད་བརྟག་སྨན་བཅོས་བྱས་ཟིན་དུས་ནི་དགོང་མོའི་ཆུ་ཚོད་8པ་ལྷག་ཙམ་ཡིན་མོད། འོན་ཀྱང་ཤང་འཕྲོད་བསྟེན་ཁང་གི་བྱིས་པ་ནད་པ་དེར་སེམས་ཁྲལ་བྱུང་ནས་ཁོང་གིས་ངལ་གསོ་ཡང་མ་བརྒྱབ་པར་ཤང་འཕྲོད་བསྟེན་ཁང་དུ་ཕྱིར་ལོག་བྱས།

འདི་ནི་ཚའོ་རུའུ་མེས་བོད་སྐྱོར་ལས་དོན་སྒྲུབ་རིང་གི་རྒྱུན་གཏན་གྱི་ཉིན་མོ་ཞིག་རེད། ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་གང་འདྲ་ཞིག་ལ་སྨན་པ་བྱམས་སེམས་ཅན་ཟེར་བ་གསལ་བཤད་བྱས་པ་མ་ཟད། ད་དུང་བོད་སྐྱོར་ལས་བྱེད་པ་ཞིག་གི་འགན་འཁྲི་ཁུར་སེམས་ཀྱང་མཚོན་པར་བྱས་ཡོད།

ལས་ཀ་དང་འཚོ་བ་གང་ཡིན་རུང་ཚའོ་རུའུ་མེས་ཧ་ཅང་གཟབ་ནན་དང་ནན་ཏན་བྱེད་ཀྱི་ཡོད། བོད་དུ་སླེབས་རྗེས་ནད་པ་དང་གོ་བརྡ་འཕྲོད་ཆེད་ཁོང་གིས་ལས་ཞོར་དུས་ཚོད་སྤྱད་དེ་བོད་སྐད་སྟབས་བདེ་འགའ་སྦྱངས། ས་མཐོའི་ས་ཁུལ་གྱི་བྱིས་པའི་རྒྱུན་མཐོང་གི་ནད་གཞི་དང་། ཐོན་མང་བའི་ནད་གཞི། བརྟག་དཀའ་བའི་ནད་གཞི་བཅས་ལ་དམིགས་ཏེ་ལས་སྒོ་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཁར། བྱིས་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པའི་སྣེ་ཁྲིད་དེ་ཆེད་ལས་ཀྱི་ཚད་ལྡན་ཡིག་ཆར་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་ཧུར་ཐག་བཏོན་པ་རེད། “སྨན་པའི་འགན་འཁྲི་ནི་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་དེ་རེད། དེ་གར་སྨན་བཅོས་ཐོན་ཁུངས་བལྟོས་བཅས་མི་འདང་བས་ངས་བྱེད་དགོས་པའི་ལས་ཀ་ད་དུང་མང་པོ་ཡོད” ཚའོ་རུའུ་མེ་ལ་དད་སེམས་ཡོད་སྟབས་བོད་སྐྱོར་ལམ་བུའི་ཐོག་སྔར་བས་བློ་བརྟན་འགྱུར་མེད་ངང་སྐྱོད་ཐུབ་ངེས་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号