བདེ་ཐང་ནི་འཚོ་བར་འགྱུར་བའི་ལས་དང་པོ་ཡིན།

ཨེ་འགོག་དང་སྨན་ཁྲིད་རང་འདུན་པ་བསྟན་འཛིན་སྒྲོལ་མ།

བསྟན་འཛིན་སྒྲོལ་མ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་མཚན་ཉིད་ཡུལ་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཚར་ལོངས་བྱུང་ཞིང་། སྤྱི་ལོ་2018ལོར་སློབ་ཆེན་མཐར་ཕྱིན་རྗེས། ཁོ་མོར་ཆུང་དུས་ནས་བཞག་པའི་བྱམས་དང་སྙིང་རྗེའི་བག་ཆགས་དེའི་དབང་གིས་རང་གི་མི་ཚེའི་ནང་གཞན་ཕན་གྱི་བྱ་བ་ཅུང་ཙམ་རེ་སྒྲུབ་འདོད་ཀྱི་ཀུན་སློང་གཙང་མ་ཞིག་བཅངས་ནས། སོམ་ཉི་དང་ཐེ་ཚོམ་ཅི་ཡང་མེད་པར་སྤོས་ལྡན་གྲོང་ཁྱེར་དུ་ཡོང་ནས། ཨེ་ནད་དང་མོ་ནད་སོགས་ཀྱི་ཉམ་ཐག་ནད་པ་རྣམས་ལ་སྨན་ཁྲིད་ཞབས་ཞུ་བསྒྲུབས་ཤིང་། རྟེན་ཁྱད་འདྲ་མཉམ་དང་བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་གཞོལ་འགོ་བརྩམས།


མོས་བཤད་རྒྱུར། ང་རང་ཡང་བོད་ཁུལ་གྱི་བུད་མེད་མང་པོ་ཞིག་དང་འདྲ་བར་རོང་མ་འབྲོག་གི་སྡེ་བ་ཆུང་ཆུང་ཞིག་ནས་སྐྱེས་བ་ཡིན། ཁྱིམ་ཚང་གི་འབྱོར་བར་བཟང་རྒྱུ་མེད་ན་ཡང་ཆུང་དུས་ནས་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་དང་སློབ་ཆེན་སོགས་སློབ་གསོའི་ཐེམ་བུ་རེ་རེ་བཞིན་བརྒྱུད་ནས་ཡོང་བ་ཡིན། དེ་ཡང་དྲིན་ཕ་མའི་བཀའ་དྲིན་ཡིན་པ་སྨྲ་མི་དགོས་ཀྱང་། ངའི་ཨ་མ་ནི་རང་སྟེང་གི་ཉམས་མྱོང་ལ་དཔེ་བླངས་ནས་སློབ་གསོ་བཏང་མཁན་ཞིག་ཡིན་ཏེ། ནམ་རྒྱུན། ང་རང་སྤྲང་ནས་འགྲོ་དགོས་ཀྱང་ཁྱོད་ཚོའི་ནང་ནས་གཅིག་ཀྱང་སློབ་གྲྭ་ནས་བཤོལ་དུ་འཇུག་མི་ཉན་ཟེར་སྲིད། ད་བར་ཕྱིར་འདང་རེ་རྒྱབ་ན། སྐབས་དེའི་ང་ཚོའི་སྡེ་བར་མཚོན་ན། འདི་ལྟ་བུའི་བསམ་བློ་ཡོད་མཁན་མང་བོ་མིན། ལྷག་པར་དུ་ངེད་ཚང་ལ་མཚོན་ན། བྱིས་པ་བཞི་མཉམ་དུ་སློབ་གྲྭར་སྐྱེལ་དགོས་པས། དེ་ལྟར་བསམ་ཞིང་བསྒྲུབ་ཐུབ་པ་དེ་ལས་སླ་བོ་ཞིག་ག་ལ་ཡིན།  ལོ་བརྒྱད་ཀྱི་ཐོག་ལ་སློབ་ཆུང་ལོ་རིམ་དང་པོ་བཏོན་པ་ཡིན། སློབ་ཆུང་གི་འཚོ་བ་ནི་ཧ་ཅང་སྟབས་བདེ་དང་སྤྱིར་བཏང་ཞིག་ཡིན། མིག་ཟུང་བཙུམས་ནས་ཕྱིར་འདང་རེ་བརྒྱབ་ན། སྐབས་དེར། སློབ་གྲྭའི་འཚོ་བ་ལ་བརྗེད་མི་ཐུབ་པའི་ཕྱིར་དྲན་མང་པོ་མེད་རུང་། ངེད་མིང་སྲིང་བཞི་བོས་མཉམ་སྐྱེལ་ཀྱི་བྱིས་དུས་འཚོ་བ་ནི་བརྗེད་ཐབས་མེད་པ་ཞིག་ཡིན། དུས་རྒྱུན་ཕ་མ་གཉིས་ནི་སྡེ་བའི་ནང་དུ་ལས་ཀ་མཉམ་ལས་བྱེད་དུ་འགྲོ་དགོས་པས། ཉིན་དཀར་ཕལ་ཆེར་རྟག་པར་ང་ཚོ་བྱིས་པ་ཚོ་རྐྱང་རྐྱང་ཁྱིམ་དུ་ལྷག་འགྲོ་བ་ཡིན། ཆུང་དུས་ནས་ཕུ་བོ་ཚོ་དང་མཉམ་དུ་འཚར་ལོངས་བྱུང་བས། སྐབས་དེར་ང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དེ། ངའི་གཤིས་ཀ་ནི་སྐྱེས་པ་ཞིག་དང་འདྲ་བར། ཧ་ཅང་རྩལ་རྒོད་དང་སྤོབས་པས་ཕྱུག་པ་ཞིག་ཡིན་ཞེས་བཤད་ཆོག


སྤྱི་ལོ2010-2013ལོའི་བར་མཛོད་དགེ་ནས་དམའ་འབྲིང་བཏོན་པ་ཡིན། དམའ་འབྲིང་གི་སྐབས་སུ། སློབ་སྦྱོང་གི་གནོན་ཤུགས་ཧ་ཅང་ཆེ་བས། ཞོགས་པར་སྔ་མོ་ཆུ་ཚོད་ལྔ་དྲུག་གི་སྟེང་ནས་ཡར་ལངས་ཏེ་སློབ་སྦྱོང་བྱས་པ་ཡིན། ཡིན་ནའང་། སློབ་སྦྱོང་གི་ཐབས་ཤེས་ཡག་པོ་མ་ཤེས་པས། སྦྱངས་འབྲས་ཧ་ལས་པའི་ཡག་པོ་མིན། སྐབས་དེར་ང་རང་ཆེས་དགའ་སའི་སྦྱངས་ཚན་ནི་སྐྱེ་དངོས་ཡིན་ལ། ཕལ་ཆེར་སྐྱེ་དངོས་ཀྱི་སྦྱང་གཞི་ལྷན་ཐབས་ཡོངས་རྫོགས་བློར་འཛིན་མྱོང་། དེ་བས་ང་རང་སྨན་པའི་ལས་རིགས་ལ་དགའ་ཕྱོགས་ཆེན་པོ་ཡོད་རུང་། རྒྱུགས་ལེན་ཁར་མི་ཆེན་ཞིག་ལ་ཕྱག་མོ་བཏབས་རྗེས། མོའི་ནང་དུ་འབྲིང་རིམ་ཆེད་གཉེར་གྱི་དགེ་རྒན་ཆེད་ལས་གདམས་ན་ལེགས་པར་གསུངས་པས། དེ་ལྟར་གདམས་པ་ཡིན།

སློབ་ཆེན་རྔ་བ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་བཏོན་པ་ཡིན་ཞིང་། དེའི་སྐབས་སུ་སྙན་ངག་དང་ལོ་རྒྱུས། རྩོམ་རིག་སོགས་ལ་སློབ་སྦྱོང་བྱས་པ་ཡིན་ཞིང་། དེའི་མ་ཚད། སློབ་ཁྲིད་ཀྱི་གོ་རིམ་ཚང་མར་ལྟ་ཁྲིད་སྦྱོང་གསུམ་གྱི་ལམ་ལུགས་སྤེལ་བཞིན་ཡོད་པས། ང་ལ་མཚོན་ན། ད་ལྟའི་སློབ་ཁྲིད་ཀྱི་ནུས་པ་དང་སྤོབས་པ། ཉམས་མྱོང་སོགས་ཚང་མ་དེའི་སྐབས་ནས་སྦྱོང་བརྡར་ཐེབས་པ་ཡིན་ཞིང་། ལྷག་པར་དུ་ཕྲན་ལ་མཚོན་ན། དེའི་སྐབས་ཀྱི་སྦྱངས་ཚན་དག་ལས་ང་རང་ཆེས་དགའ་ས་ནི་ལོ་རྒྱུས་ཀྱི་སྐོར་ཡིན་ལ། ད་ལྟ་འདང་བརྒྱབས་ན། རང་འདུན་པ་ཚད་ལྡན་ཞིག་ཡོང་དགོས་ན། མིའི་རིགས་ཀྱི་འདས་མ་ད་གསུམ་གྱི་དམག་འཁྲུག་དང་མུ་གེ ནད་ཡམས་སོགས་ལ་ཕྱིར་མིག་སློག་པ་བརྒྱུད། དུས་དང་འཚམས་པའི་ཤེས་བྱའི་དྲིལ་སྒྲོག་བྱེད་པ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཡིན་པར་སེམས།

2018ལོའི་དཔྱིད་དུས་ཤིག་ལ། བུད་མེད་རྐྱང་རྐྱང་གིས་གྲུབ་པའི་འཕྲིན་ཕྲན་གྱི་ཚོགས་པ་ཞིག་གི་ནང་དུ་ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་པོ་ཟེར་བ་ཞིག་གིས་བུད་མེད་ཀྱི་བདེ་ཐང་དང་ཨེ་ཛི་ནད་ཡམས་སྔོན་འགོག་སྐོར་ནས་གསུངས་བཤད་ཅིག་གནང་བ་ཐོས་མྱོང་ལ། དེའི་སྐབས་སུ་ད་གཟོད་ཨེ་ཛི་ཟེར་བའི་ནད་ཡམས་ཤིག་ཡོད་པ་ཐོག་མར་ཐོས་པ་ཡིན་ལ། ནད་ཡམས་དེ་སྔོན་འགོག་དང་བརྟག་བཅོས་མ་ཐུབ་ན། མི་རིགས་འདིའི་ཆགས་འཇིག་ལ་ཉེན་ཁ་ཆེན་པོ་ཡོད་རུང་། ཨེ་འགོག་རང་འདུན་པ་ཞེས་པའི་ལས་རིགས་ཤིག་གིས་བོད་ཁུལ་གྱི་ས་ཆ་སོ་སོར་མང་ཚོགས་རང་གི་སྐད་དང་ཡི་གེའི་ལམ་ནས་ཤེས་བྱ་དྲིལ་སྒྲོག་གནང་བཞིན་པ་ཐོས་པས། དགའ་བ་དང་ཡི་རངས་གཏིང་ནས་རྒྱས་མྱོང་ཞིང་། ལྷག་པར་དུ་སྐབས་དེར་རང་ཉིད་ལའང་མོ་ནད་ཀྱི་འཚེ་བ་ཅུང་ཟད་རེར་འཕྲད་མྱོང་ཡོད་རུང་། ངོ་ཚ་ཁུལ་བྱས་ནས་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པར་ལྷག་ཡོད་ལ། ཁྱིམ་གྱི་ཨ་མ་དྲིན་མོ་ཆེའང་ནམ་ཡང་ན་རེས་ཚ་རེས་མང་བའི་ནད་པ་ཞིག་ཡིན་པ་དང་། མོ་རང་གིས་ནམ་ཡང་ང་ལ་སྨན་པ་ཞིག་གམ་འཕྲོད་བསྟེན་ཕྱོགས་ལ་སློབ་སྦྱོང་བྱོས་ཞེས་སྐུལ་མ་བཏང་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་རྐྱེན་བྱས་ཏེ།  སློབ་མཐར་ཕྱིན་མ་ཐག་ཨེ་འགོག་བདེ་ཐང་ཞབས་ཞུ་ལྟེ་གནས་ལ་འབྲེལ་བ་བྱས་ཤིང་། དེ་ནས་ཨེ་འགོག་རང་འདུན་པའི་བྱ་བ་གཉེར་བ་ཡིན།

ཐོག་མའི་ལོ་གཅིག་གི་དུས་ཡུན་ལ། འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ལ་སློབ་སྦྱོང་བྱས་པ་དང་། དེའི་ཞོར་ནས་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པ། མོ་ནད་ཀྱི་ནད་པ་དག་ལ་སྨན་ཁྲིད་ཀྱི་སྐད་བསྒྱུར་ཞབས་ཞུ་བསྒྲུབ་པ་ཡིན་ཞིང་། རྗེས་ནས་རིམ་བཞིན་འཕྲིན་ཕྲན་གྱི་ཚོགས་པའི་ནང་ནས་གྲོང་ཁྱེར་ཆེན་པོ་ནས་སྨན་ཁྲིད་ཞབས་ཞུ་སྤེལ་སྟངས་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་ཡིན་ལ། དེ་ལྟར་བྱས་པར་ཕྱོགས་མང་པོ་ནས་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཕྱིན། ཅུང་ཟད་སྤོབས་པ་རྒྱས་ཏེ། དགེ་རྒན་ཆོས་དཔལ་བཟང་པོ་སོགས་དང་མཉམ་དུ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་བོད་ཁུལ་དུ་སོང་ནས་མུ་མཐུད་དུ་སྨན་ཁྲིད་ཞབས་ཞུ་སྤེལ་ཐབས་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པ་ཡིན།

ཡིན་ནའང་། སྐབས་དེ་ཙམ་ནས་བོད་ཁུལ་གྱི་བུད་མེད་མང་པོ་ཞིག་གིས་ཕྲན་ལ་སྒེར་ཐོག་ནས་འབྲེལ་བྱས་ཤིང་། ཨེ་ཛི་དང་མོ་ནད་སྐོར་གྱི་དྲི་བ་མང་པོ་བཏོན་པ་དང་། དེའི་མ་ཚད། ཁོང་ཚོར་སྨན་བཅོས་བྱེད་སྐབས་ཀྱི་གནད་དོན་དང་དཀའ་ཁག་མང་པོ་ཞིག་གསུངས་ཡོང་བ་བརྒྱུད། ངས་བོད་ཁུལ་གྱི་རྟེན་ཁྱད་འདྲ་མཉམ་ཐད་ལ་བསམ་བློ་གཏོང་མགོ་བརྩམས་པ་ཡིན་ལ། སྤྱིར་ཨེ་འགོག་རང་འདུན་པ་མང་པོ་ཡོད་རུང་། རྟེན་ཁྱད་འདྲ་མཉམ་ཕྱོགས་ལ་ལས་ཀ་བསྒྲུབ་མཁན་མེད། ལྷག་པར་དུ་ཞིང་འབྲོག་བུད་མེད200ལྷག་གི་སྐྱིད་སྡུག་དང་གནས་བབས་ཡིག་ཐོག་ཏུ་འགོད་པའི་ཞོར་ནས། ཆོས་ལྡན་བོད་པའི་ཞིང་ཡིན་རུང་། འདི་ནའང་། བཙན་གཡེམ་དང་ཁྱིམ་ཚང་གི་མནར་གཅོད། ལས་ཐོག་གི་སུན་གཙེར་སོགས་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་དོན་དངོས་གནས་ཚུལ་མང་པོ་མཐོང་ཐོས་བྱུང་བ་ནས་བཟུང་། བོད་ཁུལ་བུད་མེད་ཀྱི་བདེ་ཐང་དང་ཁྲིམས་ལུགས་བློ་འདོན་སྤྱི་སྟེགས་ཞེས་པ་ཞིག་བཙུགས་ཤིང་། མཚམས་མཚམས་སུ་འབྲེལ་ཡོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས།

2018ལོར་ཝུའུ་ཧན(武汉)གྲོང་ཁྱེར་དུ་སོང་ནས་རྟེན་གྱི་སློབ་གསོའི་གསོ་སྦྱོང་དུ་ཞུགས་མྱོང་ལ། 2019ལོ་ནས་ཆེད་དུ་རྟེན་སློབ་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ལ། ལོ་རེར་ས་གནས་སྤོས་ལྡན་ནས་སློབ་མ50རེ་བསྡུས་ནས་གསོ་སྦྱོང་ཚོགས་འདུ་རེ་འཚོགས་པ་ཡིན་ལ། ད་བར་དུ་སློབ་མ150ལྷག་གསོ་སྐྱོང་བྱས་ཡོད།

ད་ལྟ་ནི་པེ་ཅིང་ཀྲུང་ཡེས་སྤྱི་ཕན་ཐེབས་རྩ་ཚོགས་པའི་རྩ་འཛུགས་འོག་སྤེལ་བའི་བུ་མོའི་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ཡིན་ལ། ཁོང་ཚོས་བཀོད་འདོམས་འོག་ཏུ་མ་འོངས་པར། ཆེད་ལས་ལག་རྟགས་བླངས་ཏེ་བོད་ཁུལ་གྱི་ནར་མ་སོན་པའི་བྱིས་པའི་སྲུང་སྐྱོབ་སྣེ་ཁྲིད་མི་སྣར་འགྱུར་བར་བརྩོན་པ་བྱ་བཞིན་ཡོད།

བསྟན་འཛིན་སྒྲོལ་མའི་ཨེ་འགོག་དང་སྨན་ཁྲིད་རང་འདུན་པའི་ལས་ཀ་ནི་བལ་འཇམ་ཚ་རུའི་གདན་སྟེང་དུ་འགྲོ་བ་ལྟ་བུའི་ལས་སླ་བོ་ཞིག་མིན་ལ། ལྷག་ཏུ་སྔོན་ཆད་ལས་ཀ་དེ་རིགས་བསྒྲུབ་མྱོང་མེད་པ་དང་ལས་རིགས་དེར་ཆ་རྒྱུས་མེད་སྟབས། རང་འདུན་པའི་ལས་ཀ་སྒྲུབ་སྐབས་ནད་པ་དང་སྨན་པའི་བར་དུ་སྐད་བརྡ་ཇི་ལྟར་ཡག་པོ་སྤྲོད་པ་དང་། བདེ་ཐང་རྒྱུན་ཤེས་སྒྲོལ་འགྲེལ་བྱེད་པའི་སྐབས་སུ་ཇི་ལྟར་བྱས་ན་ཁ་གསལ་ཚད་ལྡན་དང་མང་ཚོགས་ཀྱིས་གོ་བ་སླ་བོ་ཡོང་ཐབས། ཉམ་ཐག་ནད་པར་ཇི་ལྟར་སེམས་གསོ་བྱེད་པ་སོགས་ཕྱོགས་ཀུན་གྱི་ཐད་ནས་དཀའ་ལས་དང་འགྲན་སློང་མི་ཉུང་བར་འཕྲད་ནའང་། ཁོ་མོས་དང་ཐོག་ནས་ཀུན་སློང་གཙང་མ་ཞིག་བཅངས་ཏེ་ཡོང་བའི་དོན་དེར་འབད་པའི་འབྲས་བུ་སྨིན་ཆེད་བརྩོན་པའི་རྒྱུན་བསྐྱངས་ཤིང་། རང་གི་ཞབས་ཞུ་དེ་ཚད་དང་ལྡན་པ་ཞིག་ཏུ་འགྱུར་ཆེད། ནམ་རྒྱུན་ཁོམ་ལོང་ཡོད་དུས་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་སྟངས་སོགས་ལའང་སྦྱོང་བ་བྱས་པས། ད་ལྟ་མོ་རང་ལས་ཀ་དེར་བྱང་ཆ་ལྡན་པར་གྱུར་ཡོད།

ལས་ཀའི་གོ་རིམ་ཁྲོད་ནས་ཨེ་ནད་ཅན་དང་སྐྱེས་མ་ཚོར་འཕྲད་པའི་གནད་དོན་མང་པོ་མཐོང་པས། བོད་འབྲེལ་ས་ཆའི་བུད་མེད་ཀྱི་བདེ་ཐང་དང་ཁྲིམས་ལུགས་བློ་འདོན་སྤྱི་སྟེགས་ཤིག་བཙུགས་ཤིང་། སྨྱན་བྱད་གསར་པའི་བརྒྱུད་ལམ་ནས་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་ཡོད་ལ།  ད་བར་དུ་ཨེ་འཛི་ནད་དུག་ཅན་གྱི་ནད་པ་40ལྷག་དང་། མོ་ནད་ཅན་གྱི་ནད་པ་100ལྷག་ལ་སྨན་ཁྲིད་ཞབས་ཞུ་བསྒྲུབས་པ་མ་ཟད། ལས་ཀའི་ཞོར་དུ་ཡུལ་དངོས་བྱ་འགུལ་100ལྷག་ལ་ཞུགས་ཤིང་། སྐད་འཕྲིན་གྱི་ཚོགས་པ་300ལྷག་དང་རང་གི་སྤྱི་སྟེགས་སོགས་སུ་ཨེ་ནད་དང་བུད་མེད་ཀྱི་བདེ་ཐང་སྐོར་ནས་ཤེས་བྱ་ཐེངས་མང་པོར་ཁྱབ་བསྒྲགས་བྱས།

མི་ལོ་དུ་མའི་རིང་ལ། བསྟན་འཛིན་སྒྲོལ་མས་བསམ་པ་དཀར་པོ་ཞིག་གིས་དབུ་ཁྱུད་དེ་སྒྲུབ་བཞིན་པའི་རང་འདུན་གྱི་ལས་ཀ་དེས་ཨ་ཐང་ཆད་པའི་ཉམ་ཐག་ནད་པ་དང་སྐད་བརྡ་མི་འཕྲོད་པར་སེམས་ཁྲལ་གྱིས་མནར་བའི་མི་མང་བོ་ཞིག་ལ་རེ་བའི་འོད་དང་སེམས་ལ་དྲོད་ཁོལ་སྟེར་མྱོང་ལ། རིང་ལ་ཐུང་བའི་མི་ཚེའི་བཞུད་ལམ་འདི་རུ་རང་གི་མི་ཚེ་དོན་དང་ལྡན་ཞིང་། ལྷག་བསམ་དང་སྙིང་རུས་ཅན་ཞིག་ཏུ་འགྱུར་བར་འབད་དང་འབད་མུས་སུ་མཆིས་སོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号