འབྲོག་ལས་མཉམ་ལས་དར་སོང་། ཨ་ཁུ་འབྲོག་པ་སྐྱིད་སོང་།

དེ་ཡང་།  བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་འཁོར་ཕྱུག་གྲོང་ཚོ་ནི་ས་བབ་ཧ་ཅང་མཐོ་ཞིང་།  གནམ་གཤིས་གྲང་ངར་ཆེ་བ།  རང་བྱུང་ཆ་རྐྱེན་ཞན་པ།  རྫོང་གྲོང་དང་བར་ཐག་རིང་བ་བཅས་ཡིན་སྟབས་དེ་སྔ་བོད་ལྗོངས་སུ་དབུལ་ཕོངས་རྫོང་གི་གྲས་ཤིག་རེད།  འོ་ན། ཇི་ལྟར་བྱས་ནས་མང་ཚོགས་རྣམས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ནས་བདེ་སྐྱིད་འཚོ་བར་རོལ་རྒྱུ་དེ་འཁོར་ཕྱུག་གྲོང་ཚོའི་འགོ་ཁྲིད་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པས་བསམ་བློ་མི་གཏོང་ཀ་མེད་ཀྱི་དོན་དག་ཅིག་ཏུ་གྱུར།   

འཕེལ་རྒྱས་ཀྱི་ལམ་བུ་བཙལ་བ།

གྲོང་ཚོའི་འགོ་ཁྲིད་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཡང་ནས་བསྐྱར་དུ་གྲོས་བསྡུར་བྱས་མཐར་འཁོར་ཕྱུག་གྲོང་ཚོར་འཚམ་པའི་འཕེལ་རྒྱས་ཀྱི་བསམ་བཀོད་གྲུབ་པ་སྟེ།  ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ཡོང་བའི་སྤྱིའི་རིག་ལམ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་གོང་འཕེལ་གྱིས་ཀ་རྟེན་དང་།  ལས་ཞུགས་སྤོ་སྒྱུར་གྱིས་གཙོ་གནད་བྱེད་པ།  མང་ཚོགས་དབུལ་སྒྲོལ་ཡོང་རྒྱུས་དམིགས་འབེན་བྱས་ཤིང་།  གྲོང་ཚོ་དེའི་རྩྭ་ཐང་རྒྱ་ཁྱོན་ཆེ་བ། ཕྱུགས་རིགས་རྒྱུད་པ་བཟང་པ། ཐོན་རྫས་རྒྱུ་སྤུས་གཙང་བ་བཅས་ཀྱི་བཟང་ཆར་བརྟེན་ནས་འབྲི་གསོ་ཚགས་ར་བ་ཞིག་བཙུགས་ཏེ་མང་ཚོགས་རྣམས་ཡུན་རིང་ལས་ཞུགས་ཐུབ་པ་དང་།  ཡུན་རིང་བགོ་འགྲེམས་ཡོད་པ།  ཡོང་འབབ་བརྟན་པོ་ཡོང་བ་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་གྲོས་ཐག་བཅད། 

བསམ་བཀོད་དོན་ཐོག་ཏུ་འཁྱོལ་བ།  

སྤྱི་ལོ2017ལོར།  འཁོར་ཕྱུག་གྲོང་ཚོས་གོང་རིམ་ནས་མ་དངུལ་བརྩོན་ལེན་དང་།  འབྲོག་པ་མང་ཚོགས་ཚོས་མ་རྐང་ནང་ཞུགས་པ།   དཔལ་མགོན་རྫོང་ཞིང་ལས་དངུལ་ཁང་ནས་དངུལ་བུན་གཡར་བ་བཅས་ཀྱི་རྣམ་པའི་ཐོག་ནས་འབྲོག་ལས་མཉམ་ལས་ཁང་བཙུགས།  འཁོར་ཕྱུག་གྲོང་ཚོའི་ཀྲུའུ་རེན་དོན་རྡོར་ལགས་ཀྱིས།  མཉམ་ལས་ཁང་འཛུགས་རྒྱུའི་བརྗིད་ཆེ་བའི་ཕུགས་འདུན་དེ་ནི་ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཡིན།  དེ་ནི་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་དོན་དངོས་ཀྱི་མངོན་ཚུལ་ཞིག་ཀྱང་ཡིན།  མ་གཞི་མཉམ་ལས་ཁང་འཛུགས་པའི་བརྒྱུད་རིམ་ནང་ཉམས་མྱོང་དབེན་པ་དང་།  དོ་དམ་མི་འདང་བ། མི་ཤུགས་དང་དངོས་ཤུགས་གང་ཅིའི་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ནའང་བྱས་པའི་ལས་ལ་འབྲས་བཟང་སྨིན་པ་སྟེ།  སྤྱི་ལོ2017ལོར་མཉམ་ལས་ཁང་བཙུགས་པ་ནས་ད་བར་གྲོང་ཚོའི་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི750ལྷག་བགོ་འགྲེམས་བྱས་པ་དང་།  སྤྱི་ལོ2023ལོར།  མང་ཚོགས་ལ་དངུལ་སྒོར་ཁྲི170ལྷག་བགོ་འགྲེམས་བྱས་ཁར་གྲོང་ཚོའི་མང་ཚོགས30ལྷག་ལས་ཞུགས་ཐུབ་ཡོད་ཅེས་གསུངས། 

འབྱུང་འགྱུར་རེ་བས་ཁེངས་པ།

བདེ་སྐྱིད་འབྱོར་ཕྱུག་ལམ་དུ་ཞུགས་པར་མང་ཚོགས་རང་ཉིད་ཀྱི་འབད་བརྩོན་དགོས་ལ་འབྲེལ་ཡོད་འགོ་ཁྲིད་ཀྱི་ཁྲིད་སྟོན་ལམ་སྟོན་དགོས་པ་ནི་ཨ་ཅང་བརྗོད་མེད་རེད། དེ་བས་ཀྱང་གོང་རིམ་གྱི་རྒྱབ་སྐྱོར་སྲིད་ཇུས་མེད་ཐབས་མེད།  ད་ཆ། སྔོན་མ་དང་བསྡུར་ན་འབྲོག་ཁུལ་དུ་དམངས་ལ་ཕན་པའི་སྲིད་ཇུས་ཧ་ཅང་མང་པོ་དོན་འཁྱོལ་ཐུབ་བཞིན་ཡོད།   གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་སྐར་ཚིང་རྒྱལ་ལགས་ཀྱིས།  ད་ཆ་དངོས་གནས་སྐྱིད་པོ་རེད།    རྒན་རྒོན་ཚོར་རྒན་གསོའི་དངུལ་ཡོད་པ།  བྱིས་པ་སློབ་གྲྭར་འགྲོ་བར་འགན་ལེན་གསུམ་ཡོད་པ། སྨན་བཅོས་འགན་བཅོལ་ལེགས་པ།  གཞུང་ལམ་དང་གློག་ཤར་གཏོང་ཐུབ་པ།  འབྱུང་ཁམས་སྲུང་སྐྱོང་ལེགས་པ་སོགས་དེ་དག་གོང་རིམ་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད།  འོན་ཀྱང་། ང་ཚོས་ཀྱང་ཤང་གྲོང་དར་རྒྱས་ཀྱི་དཔྱིད་རླུང་ལྡང་བ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དུས་བསྟུན་མདུན་སྐྱོད་བྱས་ཚེ་འབྱུང་འགྱུར་གྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་གཏན་འཁེལ་རེད་ཅེས་གསུངས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号