མི་ནུབ་རྨ་བྱ་རྒྱལ་པོའི་བཀའ་བློན་རུ་འཛིན་དག་གིས་དཔའ་རྩལ་ངོ་སྤྲོད།

མི་ནུབ་རྨ་བྱ་རྒྱལ་པོའི་བཀའ་བློན་རུ་འཛིན་དག་གིས་དཔའ་རྩལ་ངོ་སྤྲོད་རགས་ཙམ་བཀོད་ན།

༡ཕོ་བདུད་རུ་ཏྲ་མིག་གཅིག   ༢རི་ལྷ་དུག་རི་འབར་བ།   ༣བདུད་པོ་བཙན་རྗེ་ཁ་ཤོ།   ༤བདུད་རི་ཤན་པ་དམར་པོ།   ༥བརྒྱ་ཡི་རྔམ་ལྷ་འབྲུག་གྲགས།   ༦ཤོག་དཔོན་ཤེལ་དཀར་རྒྱང་གྲགས།   ༧བཙན་རྗེ་ཐང་ནག་རུ་ཏྲ།   ༨འབུམ་དཔོན་བདུད་རྗེ་ངོ་ནག   ༩སྐྱེ་ཡག་གངས་དཀར་སེང་ཡག   ༡༠ར་ཙ་དུག་སྡོང་ནག་པོ།   ༡༡རིག་འཛིན་ཁྱུང་ནག་སྤར་འཛིན།   ༡༢ལྕགས་རྡོའི་སེར་བ་ཡ་མེད།   ༡༣ཁྲོ་རི་དཔལ་སེང་ཡ་མེད།  ༡༤ སྟོང་རི་ཁ་ལིང་དམར་ནག   ༡༥སྙབས་པའི་སྤྲིན་ནག་ལག་རིང་།  ༡༦ཕོ་བདུད་གློག་དམར་འཚུབ་ཤེས།   ༡༧བདུད་རྗེ་ཐོག་རྒོད་འབར་བ། ༡༨སྟོབས་ཆེན་རི་བོ་དཔུང་འདེགས།     ༡༩ཡ་མེད་བུ་རྒོད་ཁེར་སྐྱེས།    ༢༠གངས་རྗེ་ཀླུ་སྲིན་འབར་བ།    ༢༡རི་པའི་གཟའ་རྒོད་ངོ་ནག    ༢༢མགྱོགས་པ་རི་བཙན་དམར་པོ།     ༢༣ཡ་མེད་ཤེད་ཆེན་ངམ་ར།  ༢༤སྟོང་དཔོན་ཨ་ནུ་ར་འབར།  ༢༥ སྟག་ཤར་ཤེད་ཆེན་དཔུང་འཛིན།    ༢༦སྟག་ཤར་རྡོ་རྗེ་ལྷ་བུ།

ཕྱི་གླིང་དཔུང་རོགས་དུ་ཡོང་བའི་ཁྲོད་ནས།    ༡དུག་ཆུ་གཤིན་བདུད་ནག་པོ།   ༢ཤར་བདུད་དོམ་ནག་དཔུང་རིང་།   ༣ལྷོ་བདུད་ཨ་བསེ་ཐོག་རྒྱལ།    ༤ ནུབ་བདུད་སྤལ་རྒན་རྣ་རིང་།    ༥བྱང་བདུད་ཁྱབ་པ་ལག་རིང་།

༡ཐོག་མར་ཕོ་བདུད་རི་ཏྲ་མིག་གཅིག་ཅེས་གྲགས་ཆེ་བ་དེའི་དཔའ་རྩལ་ངོ་སྤྲོད་ཙམ་བྱས་ན།   གཞུ་མོ་འབྲང་རུ་སྤྲིན་དཀར།  རལ་གྲི་སྲོག་གཅོད་ཤ་ཟན།  བདུད་རྟ་ན་ལག་ཧོར་ཆེན།  བདུད་གླུ་འོ་རེ་དགུ་འགྱུར།    ཁོ་གླིང་སྒར་ལ་ཐེངས་གང་མང་རྒྱུགས་ནས་གླིང་དམག་བརྒྱ་ཚོ་མང་པོ་མཚོན་ལ་དྲངས་བར་མ་ཟད།  གླིང་སྟོབས་ཆེན་སྒ་སྡེ་བེར་ནག་གཡུགས་བསྐོར་གཅིག་གིས་ས་ལ་བརྡབས་ནས་དྲན་མེད་དུ་བརྒྱལ་བར་བྱས་པ་དང་།  གླིང་སྟག་རོང་ཨ་ནུ་ཁྲབ་གཤོག    བྱེ་རུའི་བརྒྱ་དཔོན་ཁྲི་ཐུབ་ངར་མ།  སོག་བློན་རྟ་དམར་སྟོབས་ཆེན།   ཞང་ཞུང་སྟག་མོ་ཁྲི་བརྟན།  སྟག་གཟིག་གི་འགོ་བ་ཤེད་ཆེན་རི་བོ་མཛུབ་ཕུག་སོགས་དཔའ་དེ་དྲག་སྐོར་ཞིག་བཀྲོངས།།  མཐའ་མར་འདན་མ་སེང་སྟག་སྒ་སྡེ་སྟག་ལྷ་སོགས་དཔའ་རྟུལ་བརྒྱད་ཀྱིས་ཞགས་ཀྱིས་བཟུང་ནས་ཚར་གཅོད་བྱས།

༢ རི་ལྷ་དུག་རི་འབར་བ།  མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་ཡིན་པ་དང་།  དཔའ་རྩལ་ཆེ་བའི་ཕོ་རྒོད་ཅིག་སྟེ།  ཁོས་གླིང་སྟོང་དཔོན་ཡ་མི་བསོ་སྒྲ་དང་བར་གླིང་འོམ་བུའི་དཔོན་པོ་འཇང་སྲས་གཡུ་ཁྲི་གོང་སྔོན་གཉིས་བཀྲོངས། དམག་དཔོན་འདི་གཉིས་ཀྱི་ཤ་ལེན་དུ་གླིང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་ཚ་ཞང་འདན་མ་བྱང་ཁྲ།  འཇང་ཕྲུག་གཡུ་ལྷ་ཐོག་འགྱུར།  དཔའ་ལ་སེང་སྟག་ཨ་དོམ་བཞི་ཕེབས་ནས།  ཁོ་དང་འཕྲད་པ་ན་དཔའ་རྟུལ་བཞི་བོའི་དུས་གཅིག་ལ་གྲི་བཏབ་པས་ལུས་ཚལ་བཞི་རུ་བཏང་ནས་བསད། 

༣བདུད་པོ་བཙན་རྗེ་ཁ་ཤོ།  ཁོས་གླིང་དམག་དཀྲུགས་ནས་ཡོང་སྐབས་དཔའ་མོ་ཨ་སྟག་ཀླུ་མོ་དང་གདོང་འཕྲད་པས་མདུང་ཕུལ་ཡང་འཆི་མ་ནུས་སྟབས་ཡང་བསྐྱར་དགྲ་ཟོར་གཡུག་ནས་སྐེ་ལང་གིས་འཕང་ནས་བསད།

༤བདུད་རི་ཤན་པ་དམར་པོ།  མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་ཡིན་པ་དང་།  དཔའ་རྒོད་ཕུལ་དུ་བྱུང་བ་ཞིག་ཡིན།  ཁོ་ནི་སྟོད་གླིང་གསེར་བའི་ཉི་འབུམ་དར་ཡག་གི་ཡུམ་བྱང་སྒྲོན་ཆོས་མཚོའི་ནུ་མོ་གསེར་བཟའ་ལྷ་མོ་ཆོས་སྒྲོན་གྱི་བུ་ཡིན་པར་བཤད་ཡོད་པ་དང་།  ཆུང་དུས་རྐྱེན་ངན་གྱིས་མི་ནུབ་དུ་འཁྱར་ཚུལ་བཤད་ཡོད།  ཁོ་དང་ཉི་འབུམ་སྐུ་མཆེད་གཉིས་ངོ་འཕྲོད་པ་དང་།  མཐའ་མར་གླིང་ལ་མགོ་སྒུར་ནས་མི་སྤྱང་རིན་ཆེན་དར་ལུ་བཀྲོངས་མཁན་ནུབ་བདུད་སྦལ་རྒན་རྣ་རིང་བཟུང་ནས་བཀྱིགས་པ་སོགས་ཀྱི་རྟིང་མ་མང་པོ་བླངས།  གེ་སར་རྒྱལ་པོའི་མི་ནུབ་དབང་དུ་བསྡུས་རྗེས་ཡུལ་དེའི་རྗེ་བོར་བསྐོས།

༥བརྒྱ་ཡི་རྔམ་ལྷ་འབྲུག་གྲགས།  མི་ནུབ་རྒྱལ་པོ་དེས་ཐོག་མར་བརྒྱ་ཡི་རྔམ་ལྷ་འབྲུག་གྲགས་དང་མགྱོགས་པ་རི་བཙན་དམར་པོ།  ཡ་མེད་ཤེད་ཆེན་ངམ་ར་གསུམ་ལ་ལས་དམག་སུམ་སྟོང་དང་བཅས་སེང་སྟག་གསོད་པར་མངགས་ཀྱང་ཁོ་གསུམ་གྱི་སེང་སྟག་མ་ཐུབ་པར་མ་ཟད། མགྱོགས་པ་རི་བཙན་དམར་པོ་དང་ཡ་མེད་ཤེད་ཆེན་ངམ་ར་གཉིས་གཙོའི་དམག་མི་ཉིས་སྟོང་ལྔ་བརྒྱ་བསད་ཤོར། ཁོའི་དམག་མི་ལྔ་བརྒྱ་ཁྲིད་ནས་ཕྱིར་རང་སྒར་ལ་ལོག དེ་ནས་ཁོ་གླིང་སྒར་དུ་ཐེངས་གཉིས་ལ་རྒྱུགས་ནས་མཐར་གསེར་བའི་ཉི་འབུམ་དར་ཡག་གིས་གྲིའི་རྒྱབ་ནས་བསད།

༦ཤོག་དཔོན་ཤེལ་དཀར་རྒྱང་གྲགས།  མི་ནུབ་རྒྱལ་པོའི་བློན་ཆེན།  ཁྲི་དམག་གཉིས་ཀྱི་འགོ་འཛིན་དཔའ་རྒོད་མིང་གྲགས་ཅན་ཞིག་ཡིན།   ཁོས་གླིང་དམག་བཀྲུགས་ཡོང་སྐབས་ཚ་ཞང་འདན་མ་དང་ཐུག་ནས་རལ་འགྲན་མང་དུ་བྱས་མཐར་ཚ་ཞང་འདན་མའི་རལ་གྲིས་ངར་ལ་དྲང་།

༧བཙན་རྗེ་ཐང་ནག་རུ་ཏྲ། མི་ནུབ་རྒྱལ་པོའི་བློན་ཆེན་དང་།  ཕོ་བདུད་རུ་ཏྲ་མིག་གཅིག་གི་ནུ་བོ་ཡིན། ཁོ་དང་གངས་རྗེ་ཀླུ་སྲིན་འབར་བ། རི་པའི་གཟའ་རྒོད་ངོ་ནག  ཁྲོ་རི་དཔལ་སེང་ཡ་མེད་བཞིའི་སྤྲིན་ནག་ལག་རིང་གླིང་ལ་ཤོར་བའི་ཤ་ལན་ལེན་དུ་ཡོང་བར།  གླིང་སྒར་ནས་དགྲ་ལྷ་རྩེ་རྒྱལ་དང་སེང་སྟག་ཨ་དོམ། ཚ་ཞང་འདན་མ།  སྤེ་སྲས་སྟོབས་ཆེན་ཕྱག་རིང་།  བྱེ་རིའི་བཀའ་བློན་ཆོས་གྲུབ།    སོག་གི་རྟ་དམར་སྟོབས་ཆེན།   དཔའ་མོ་ཨ་སྟག་ཀླུ་མོ།   མཁར་རིང་ཐོག་འབྲུག་གྲགས་པ་བརྒྱད་ཀྱིས་གདོང་བླངས་ནས་སྤེ་སྲས་སྟོབས་ཆེན་ཕྱག་རིང་གིས་ཕ་བོང་འབྲོང་གཡག་ཙམ་ཞིག་འཕངས་ནས་བསད།

༨འབུམ་དཔོན་བདུད་རྗེ་ངོ་ནག  མདུང་མོ་སྦྲུལ་ལྕེ་ནག་པོ་ཞེས།  དཔའ་རྩལ་ཆེ་བའི་བློན་པོ་ཞིག་ཡིན།  ཁོས་གླིང་དམག་གང་མང་བསད་པར་མ་ཟད། འཇང་བློན་གངས་རྗེ་ཨ་བརྟན་ལ་མདུང་བསྣུན་ནས་བཀྲོངས། མཐར་འཇང་གཡུ་ལྷའི་ཐོག་མདའ་འཕང་ནས་བསད།   

༩ སྐྱེ་ཡག་གངས་དཀར་སེང་ཡག  མི་ནུབ་རྒྱལ་པོའི་བློན་ཆེན། ནུབ་ཁྲི་སྡེ་བདུན་གྱི་དཔོན་པོ་དང་། གཡོན་གྲལ་གྲལ་མགོ་གནོན་མི།  སྐྱེ་ཡག་ལེ་ཉི་མ་ཤར་འདྲ།  དཔའ་རྒོད་འགྲན་ཟླ་བྲལ་བ་ཞིག་ཡིན།  ཁོ་མི་རྟ་ཁེར་རྒྱུགས་གིས་གླིང་སྒར་ལ་ཤོར་ནས་གླིང་དམག་བརྒྱ་མཚོ་ཙམ་མཚོན་ལ་དྲངས་བར་མ་ཟད།  གླིང་ཁྲ་གླག་སྤྱང་གསུམ་དང་འཇང་གཡུ་ལྷ་གསེར་བའི་ཉི་འབུམ་སོགས་ཀྱི་གདོང་བླངས་ཀྱང་མ་ཐུབས་པར་སྟག་གཟིག་གི་གྱད་མི་སོག་པོ་འབུམ་ཐུབ་དང་།  བདུད་ཀྱི་བློན་པོ་ནག་པོའི་ཁྲབ་ཆེན་བར་འབར་སོགས་བཀྲོངས།  མཐར་དཔའ་མོ་ཨ་སྟག་ཀླུ་མོས་ཐབས་འཕྲུལ་ལ་བརྟེན་ནས་བསད།

༡༠ར་ཙ་དུག་སྡོང་ནག་པོ། མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་ཡིན།  ཁོ་དམག་འཁྲུག་གི་ཁྲོད་ནས་སེང་སྟག་དང་གདོང་ཐུག་ནས་ཁོའི་རལ་གྲི་གཡུག་ནས་སེང་སྟག་གི་དབུ་ལ་རྨས་སྐྱོན་ཕྲན་བུ་བྱས།  སེང་སྟག་གི་ལེབ་ཆེན་གཡུག་ནས་ལུས་ཕྱེད་གཤགས་བཏང་ནས་བསད།

༡༡རིག་འཛིན་ཁྱུང་ནག་སྤར་འཛིན། མི་ནུབ་རྒྱལ་པོའི་བློན་ཆེན་་ཞིག་ཡིན་པ་དང་།   དཔལ་རྩལ་ཤིན་ཏུ་ཆེ་བ་ཞིག་སྟེ།    གླིང་ཆུང་རྒྱུད་ཀྱི་དཔོན་པོ་རིན་ཆེན་དར་ལུ་བྱ་གླག་གི་རེའུ་བཅུམས་པ་བཞིན་ཁྱེར།  གཞན་འདན་སྲས་གཡུ་འོད་འབུམ་མེ་བཀྲོངས།   མཐའ་མར་དཔའ་ཚ་ཞང་འདན་མ་བྱང་ཁྲ་སྲས་པོའི་ཤ་ལེན་དུ་ཕེབས་ནས་སྣང་ཆེན་མདའ་མོའི་ངར་ལ་དྲངས།

༡༢ ལྕགས་རྡོའི་སེར་བ་ཡ་མེད།   མི་ནུབ་རྒྱལ་པོའི་བློན་ཆེན་གྱི་གྲས་སུ་གཏོགས་པ་ཞིག་ཡིན།  ཁོ་དམག་འཁྲུག་གི་སྐབས་སུ། འཇང་གཡུ་ལྷ་དང་འབྲི་སྒ་བདེ། བློན་པོ་སྟག་མོ་ཁེར་སྐྱེས་གསུམ་གྱི་གྲི་རུབ་བརྒྱབ་ནས་བསད།

༡༣ཁྲོ་རི་དཔལ་སེང་ཡ་མེད།  མི་ནུབ་རྒྱལ་པོའི་བློན་ཆེན་གྱི་གྲས་སུ་གཏོགས་པ་ཞིག་ཡིན།  ཁོ་དང་ཁོ་དང་གངས་རྗེ་ཀླུ་སྲིན་འབར་བ།  བཙན་རྗེ་ཐང་ནག་རུ་ཏྲ། རི་པའི་གཟའ་རྒོད་ངོ་ནག་བཞིའི་སྤྲིན་ནག་ལག་རིང་གླིང་ལ་ཤོར་བའི་ཤ་ལན་ལེན་དུ་ཡོང་བར།  དཔའ་མོ་ཨ་སྟག་ཀླུ་མོས་ཞགས་པ་བཏབ་ནས་བཟུང་།

༡༤སྟོང་རི་ཁ་ལིང་དམར་ནག  མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་ཡིན།  ཁོ་གླིང་སྒར་དུ་ཐེངས་གཉིས་ལ་རྒྱུགས་ཀྱང་དཔའ་རྟགས་ཆེར་མ་ཞོག   ཁོས་འཇབ་རྒོལ་བྱས་ནས་གླིང་དམག་གི་ཁྲོད་དུ་མདའ་འཕངས་ཀྱང་སྐྱོན་མ་བྱུང་།མཐར་གླང་ཆེན་ནམ་མཁའ་ཐོག་བཟུང་དེས་རྡོ་ཕ་བོང་འབྲོང་གཡག་ཙམ་ཞིག་འཕང་ནས་བསད།

༡༥སྙབས་པའི་སྤྲིན་ནག་ལག་རིང་།   མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་དང་།   མི་ནུབ་བློན་པོ་སྤྲིན་གློག་ཐོག་གསུམ་ལས་སྤྲིན་ལྟ་བུ་དེ་ཡིན།  ཁོ་གླིང་སྒར་དུ་ཐེངས་གཉིས་ལ་རྒྱུགས་ནས་འཇང་གི་ཨ་བསེ་ཐོག་རྒོད་དང་སྒ་བློན་རྩལ་ཆེན་རྡོ་རྗེ་འཕེན་ཕྱུག་སོགས་བཀྲོངས་བར་མ་ཟད་ཚ་ཞང་འདན་མ་བྱང་ཁྲ་མཆན་འོག་དུ་བཅུག་ནས་ཕྱིར་འགྲོ་བ་སུས་ཀྱང་གདོང་ལེན་མ་ཕོད་པའི་སྐབས་དེར།   སེང་ཆེན་རིན་པོ་ཆེས་དཔོན་ཁྲོ་ཐུང་ལ་འདུལ་སྐལ་ཡོད་གསུངས་པས།  སྟག་རོང་ཁྲོ་ཐུང་ཁོའི་གདོང་དུ་བྱོན་པ་ཡང་བྱ་གླག་གིས་ལུ་གུ་ཁྱེར་བ་བཞིན་མཆན་ཁུངས་གཡས་པར་བཅུག་ནས་བྲོས།  ལམ་བར་དུ་ཁྲོ་ཐུང་གིས་མིག་ཕྱེ་མ་ར་གཅོད་བསྒྲུབས་པའི་ཁྲོ་ཡི་རིལ་བུ་སྲན་མ་ཙམ་ཡོད་པ་འདན་མར་གསོལ་ཞེས་པའི་བརྡ་བསྟན་པས།   འདན་མས་དེ་གསོལ་བ་དང་སྐུ་ལུས་ལྕགས་རིལ་སྲན་རྡོག་ཙམ་དུ་གྱུར་ནས་ས་ལ་ལྷུང་།   སྐབས་དེར་འདན་མ་གར་སོང་མ་ཤེས་པས་ཁོས་ཁྲོ་ཐུང་གསོད་རྩིས་བྱེད་སྐབས་ཁྲོ་ཐུང་གིས་ཇུས་ཕྱི་ནང་བརྗེ་བའི་ཐབས་སོགས་བཤད་ཆོག་ཅེས་མགོ་བསྐོར་བཏང་བ་དང་།   སྐབས་དེར་ཁོས་སེམས་ཅུང་ལྷོད་དུ་བབས་པ་ན་སྟག་རོང་ཁྲོ་རྒྱལ་གྱིས་ཁོའི་མཆན་འོག་ཏུ་འོད་དམར་པོ་ལག་མཐིལ་ཙམ་ཞིག་ཡོད་པ་དེ་ཁོའི་བླ་གནས་ཡིན་པ་ཤེས་ནས།  དེ་མ་ཐག་སྲིན་གྱི་གྲི་ཆུང་མྱུར་བར་འཕངས་པས་བླ་གནས་ཐོག་ཁེལ་ནས་གྲི་རྩེ་མཆན་འོག་གཡོན་པ་ནས་ཐོན་ནས་བསད།

༡༦ཕོ་བདུད་གློག་དམར་འཚུབ་ཤེས།    ཁོ་ནི་མི་ནུབ་ཀྱི་བློན་པོ་སྤྲིན་གློག་ཐོག་གསུམ་ཁྲོད་ཀྱི་གློག་ལྟ་བུ་དེ་ཡིན།  དཔའ་རྩལ་ལ་འགྲན་ཟླ་བྲལ་བ་ཞིག་ཡིན་ཏེ།   ཁོས་སེར་པོ་ཧོར་གྱི་དཔོན་པོ་ཤན་ཚ་རླུང་ལྷ་མགྱོགས་ལྡན་དང་གྲུ་གུའི་དཔོན་པོ་གྲོག་མའི་ཤི་བདུད་ནག་མགོ་གཉིས་བཀྲོངས།   ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་གདོང་ཐུག་ནས་རལ་གྲི་ཡ་ཟི་དཀར་ཕྲན་གཡུག་ནས་རྐང་བ་གཡོན་པ་དང་ལག་གཡས་གྲི་དང་བཅས་པ་ས་ལ་འཕངས་ཀྱང་མ་ཤི་བར་རྐང་བ་ཡ་གཅིག་གི་ཁར་ལངས་ནས་ལག་གཡོན་པས་དགྲ་ལྷའི་བྲང་སོ་ནས་བཟུང་སྟེ་རྟ་ལས་ཕབ།  དེ་ནས་བྱེར་བློན་ཆོས་འགྲུབ་ཀྱིས་རྒྱབ་ཕྱོགས་ནས་མདུང་བཙུགས་པས་མདུང་སོ་ཁོའི་ནུ་མའི་ཐད་ནས་བྱུང་།   ད་དུང་དབུགས་མ་ཆད་པར་དགྲ་ལྷའི་ཕྱག་ལ་སོ་བཏབ་ཀྱང་སྐུ་ཤ་ལ་མ་ཐེབས།  དགྲ་ལྷའི་ཡང་བསྐྱར་གྲི་གཅིག་བཏབ་པའི་མགོ་བོ་དུམ་མེར་བཅད་ནས་ཐུལ་བར་གྲགས།

༡༧བདུད་རྗེ་ཐོག་རྒོད་འབར་བ།   མི་ནུབ་རྒྱལ་པོའི་བློན་ཆེན་དང་།  དམག་དཔོན་སྤྲིན་གློག་ཐོག་གསུམ་ཁྲོད་ནས་ཐོག་ལྟ་བུ་དེ་ཡིན།   ཁོའི་མཆན་ཁེབས་མི་བཞི་ཁྲིད་ཏེ།  སྟེང་ནས་བྱ་ནག་གྱི་གཤོག་འགྱུར་གྱི་ལེ།  རྗེས་ནས་ཁྱི་ནག་གི་ངུ་ཟུག་ལྷང་ངེ་བྱས་ནས་གླིང་སྒར་དུ་རྒྱུགས་པ་ན།  གླིང་དགའ་སྡེ་ཆོས་སྐྱོང་བེར་ནག་གིས་གདོང་བླངས་ནས་དུག་རྫས་ཀྱི་མེ་སྒྱོགས་འཕངས་ནས་བྱ་ནག་དེ་གཞོབས་ཐུལ་ལེར་བསྲེགས།  ཁྱི་ནག་དེས་ངུ་ཟུག་ལན་གསུམ་བྱས་ནས་སྒ་བདེའི་ཐོག་ཏུ་མཆོང་བྱུང་བ་རྣ་ལྤགས་གཉིས་ནས་བཟུང་སྟེ་ས་ལ་བརྡབས་ནས་བསད།  བདུད་རྗེའི་བླ་གནས་གཉིས་བསད་པས་རྟ་ཐོག་ནས་ལན་གཉིས་ལྷུང་།

ཡང་སྒ་བདེ་དང་འདྲེས་ཀྱང་ཕམ་རྒྱལ་མ་བྱུང་།  གླིང་དམག་དུ་རྒྱུགས་ནས་དམག་མང་མཚོན་ལ་དྲངས།  ཐ་མར་རང་ཕྱོགས་སྟོབས་ཆེན་གྱི་སྒྱོགས་འོག་ནས་ཤི།

༡༨སྟོབས་ཆེན་རི་བོ་དཔུང་འདེགས།  ཁོའི་དཔའ་རྩལ་ངོ་སྤྲོད་ཙམ་བྱེད་ན།   གླིང་གསེར་བའི་ཉི་འབུམ་དར་ཡག་དང་མཁར་རིང་ཐོག་འབྲུག་གྲགས་པ་གཉིས་ལ་གཤེད་སྟ་ཁ་ཆེན་ནག་པོ་རེ་རེ་བརྒྱབ་པས་མཚོན་མ་ཟུག་ཀྱང་ཤུགས་གཟེར་གྱིས་ཡུད་ཙམ་ལ་དྲན་མེད་དུ་བརྒྱལ་བ་དང་།  ཡང་སྟག་གཟིག་ཞལ་དཀར་ལྡན་པ་དང་ཐུག་ནས་སྟེ་རེ་ཕྲག་པར་གཟེར། ལག་གཡས་པས་བྲང་སོ་ནས་བཟུང་།   གཡོན་པའི་རྟ་གངས་རི་ལྡིང་ཤེས་ཀྱི་སྐེད་པ་ནས་བཟུང་ནས་བསྐོར་གཡུག་ལན་གསུམ་བྱས་ཞེས་པ་དང་།   ཡང་རྒྱབ་རི་ནག་པོ་རྩེ་གསུམ་དེ་ནགས་ཚལ་རི་དྭགས་དང་བཅས་པ་དཔུང་བས་བཏེགས་ནས་གླིང་ཕྱོགས་སུ་འཕངས་ཀྱང་ལྷ་ཀླུ་གཉན་གསུམ་གྱིས་འགྲོ་ཕྱོགས་བསྒྱུར་པའི་བཀའ་བསྒོས་པས་རི་སྒྱོགས་དེ་གླིང་དམག་གི་ཕྱོགས་སུ་མི་འོང་པར་ཕྱིར་འཁོར་ནས་བདུད་ཐོག་རྒོད་འབར་བ་གཙོས་པའི་རང་ཕྱོགས་ཀྱི་དམག་མི་སྟོང་ཚོ་དུ་མ་ས་འོག་དུ་གནན།  གཞན་སྒ་བདེ་ཆོས་སྐྱོང་བེར་ནག་སྒྱེ་མོའི་ནང་དུ་བཅུག་ནས་ཤོར་ཡང་སྒ་བདེའི་འབྱུང་བོ་འདུལ་བྱེད་སྒོམ་ནས་སྒྱེ་མོ་བསྲེགས་པས་ཐར།

མཐའ་མར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་དཔའ་རོགས་ཨ་ཁུ་ཁྲོ་ཐུང་གིས་བྱས་ནས་བསད།

༡༩ཡ་མེད་བུ་རྒོད་ཁེར་སྐྱེས།   མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་དང་།  ཞགས་ཕེན་ལ་རང་དབང་འབྱོར་བ་ཞིག་ཡིན།   ཁོས་ཞགས་པ་བཏབ་ནས་སྲས་དགྲ་ལྷ་དང་ཚ་ཞང་འདན་མ། སེང་སྟག་ཨ་དོམ།  གཡུ་ལྷ་ཐོག་འགྱུར་བཞི་དུས་གཅིག་ལ་བཟུང་།  དཔའ་རྟུལ་བཞི་བོས་གྲི་རེ་རེ་བཏབ་ཀྱང་མ་ཆོད་པར་རྟ་ཐོག་ནས་ལྷུང་ལ་ཁད་བྱུང་དུས་ནམ་མཁའ་ནས་ཐོག་བོང་བ་ཙམ་ཞིག་བབས་ཏེ་ཞགས་པ་དེ་གཞོབ་ཐུལ་དུ་བསྲེགས།  མཐར་དགྲ་ལྷ་རྩེ་རྒྱལ་དང་སེང་སྟག་ཨ་དོམ་གཉིས་ཀྱི་གྲི་རུབ་རྒྱབ་ནས་བསད།

༢༠གངས་རྗེ་ཀླུ་སྲིན་འབར་བ། མི་ནུབ་རྒྱལ་པོ་བློན་ཆེན་ཞིག་ཡིན།  དཔའ་འདི་བྱས་ཀྱི་གཏང་མ་མི་གསལ། མཐའ་མར་ཚ་ཞང་འདན་མ་བྱང་ཁྲས་མདའ་རྒྱབ་ནས་བསད།

༢༡རི་པའི་གཟའ་རྒོད་ངོ་ནག   མི་ནུབ་རྒྱལ་པོའི་བློན་ཆེན་དང་།  དམག་ཁྲི་བསྐོར་གཅིག་གིས་མགོ་འཛིན་ཡིན། ཁོ་གླིང་དམག་གི་ཁྲོད་དུ་མཆོངས་ནས་ཁ་ཆེ་དང་སྤེ་ར་གཉིས་ཀྱི་དམག་དར་འཕྲུ་ཅན་མང་ཙམ་བསད་པར་མ་ཟད།  ཁ་ཆེའི་བློན་པོ་ཡ་མེད་རྡོ་ར་བཙན་རྒོད་བཀྲོངས།  ཐ་མར་སྦེ་སྲས་སྟོབས་ཆེན་ཕྱག་རིང་གིས་བསད།

༢༢མགྱོགས་པ་རི་བཙན་དམར་པོ། མི་ནུབ་རྒྱལ་པོ་དེས་ཐོག་མར་བརྒྱ་ཡི་རྔམ་ལྷ་འབྲུག་གྲགས།  ཡ་མེད་ཤེད་ཆེན་ངམ་ར་དང་ཁོ་ལ་གསུམ་ལ་ལས་དམག་སུམ་སྟོང་དང་བཅས་སེང་སྟག་གསོད་པར་མངགས་ཀྱང་ཁོ་གསུམ་གྱི་སེང་སྟག་མ་ཐུབ་པར་མ་ཟད། ཡ་མེད་ཤེད་ཆེན་ངམ་ར་དང་ཁོ་གཉིས་གཙོའི་དམག་མི་ཉིས་སྟོང་ལྔ་བརྒྱ་སེང་སྟག་གིས་ལག་འོག་ནས་ཤི།

༢༣ཡ་མེད་ཤེད་ཆེན་ངམ་ར། མི་ནུབ་རྒྱལ་པོ་དེས་ཐོག་མར་བརྒྱ་ཡི་རྔམ་ལྷ་འབྲུག་གྲགས།  མགྱོགས་པ་རི་བཙན་དམར་པོ་དང་ཁོ་གསུམ་ལ་ལས་དམག་སུམ་སྟོང་དང་བཅས་སེང་སྟག་གསོད་པར་མངགས་ཀྱང་ཁོ་གསུམ་གྱི་སེང་སྟག་མ་ཐུབ་པར་མ་ཟད། མགྱོགས་པ་རི་བཙན་དམར་པོ་དང་ཁོ་གཉིས་གཙོའི་དམག་མི་ཉིས་སྟོང་ལྔ་བརྒྱ་སེང་སྟག་གིས་བསད།

༢༤སྟོང་དཔོན་ཨ་ནུ་ར་འབར།  རལ་གྲི་སྡིག་པ་ནག་པོ་ཞེས་སྟོང་དམག་ལྔ་ཡི་འགོ་འཛིན་དང་།  མི་ནུབ་རྒྱལ་པོའི་བློན་ཆེན་ཞིག་ཡིན།  དམག་འཁྲུག་གི་ཁྲོད་ནས་ཁོ་ལྷ་སྲས་དགྲ་ལྷའི་གདོང་ལ་གཏད་ནས་ཐེ་ཚོམ་མེད་པར་མཆོངས་ཡོང་བར་ཨ་ཁུ་ཁྲོ་ཐུང་གིས་ཞགས་པ་ཞིག་བཏབ་ནས་བཟུང་།ཁོས་རལ་གྲི་ཕྱར་ནས་ཁྲོ་ཐུང་གི་ཕྱོགས་སུ་མཆོང་ཡོང་བར།  ཁྲོ་ཐུང་གི་ཞགས་སྣེ་ས་ལ་གཡུག་ནས་བྲོས་སོང་བ་དང་མཉམ་དུ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་མཚོན་ལན་མེད་ཡ་ཟི་དཀར་མོ་གཡུག་པ་དང་མཉམ་དུ་ཨ་ནུ་ར་འབར་མི་རྟ་སྒ་དང་བཅས་པ་ཕྱེད་གཤགས་བཏང་ནས་བསད།

༢༥ སྟག་ཤར་ཤེད་ཆེན་དཔུང་འཛིན།   ཁོ་མི་ནུབ་རྒྱལ་པོའི་མགྱོགས་པ་རི་བཙན་དམར་པོའི་སྐུ་ཚབ་དུ་བཞག་ཀྱང་དཔའ་རྟགས་སོགས་མི་གསལ།

༢༦སྟག་ཤར་རྡོ་རྗེ་ལྷ་བུ།  ཁོ་མི་ནུབ་རྒྱལ་པོའི་ཡ་མེད་ཤེད་ཆེན་ངམ་རའི་སྐུ་ཚབ་དུ་བཞག་ཀྱང་དཔའ་རྟགས་སོགས་མི་གསལ།

འདི་ཡན་ཆད་མི་ནུབ་རྒྱལ་པོའི་ནང་བློན་ཡིན།

༡དུག་ཆུ་གཤིན་བདུད་ནག་པོ།   ཁོ་ནི་མི་ནུབ་རྒྱལ་པོའི་དཔུང་རོགས་དུ་ཡོང་བའི་ཕྱི་གླིང་གི་རྒྱལ་པོ་ཞིག་ཡིན།   ཁོ་གླིང་དམག་གི་ཁྲོད་དུ་ཐེངས་གཉིས་ལ་མཆོངས་ནས་དམག་མི་བརྒྱ་ཚོ་མང་པོ་མཚོན་ལ་དྲངས།  ཉི་འབུམ་སྐུ་མཆེད་གཉིས་ཀྱིས་གྲི་རུབ་བྱས་ཀྱང་མ་ཐུབ།  མཐར་གེ་སར་ནོར་བུ་དགྲ་འདུལ་གྱིས་རལ་གྲི་བཏབ་པ་ལན་མེད་བཏབ་ནས་བསད།

༢ཤར་བདུད་དོམ་ནག་དཔུང་རིང་།  དུག་ཆུ་གཤིན་བདུད་ནག་པོའི་ཤར་སྒོ་སྲུང་བའི་བློན་པོ་ཡིན།  ཁོས་གླིང་དམག་དཀྲུགས་མཐར་སྤེ་སྲས་སྟོབས་ཆེན་ཕྱག་རིང་གིས་བསད།

༣ལྷོ་བདུད་ཨ་བསེ་ཐོག་རྒྱལ།  དུག་ཆུ་གཤིན་བདུད་ནག་པོའི་ལྷོ་སྒོ་སྲུང་བའི་བློན་པོ་ཡིན།   ཁོས་གླིང་སྒར་དུ་་ཐེངས་གཉིས་ལ་རྒྱུག་ཀྱང་དཔའ་རྟགས་ཆེར་མ་ཞོག  མཐར་དཔའ་ལ་སེང་སྟག་ཨ་དོམ་གིས་ལེབ་ཆེན་གྱིས་ངར་ལ་དྲངས།

༤ ནུབ་བདུད་སྤལ་རྒན་རྣ་རིང་།   དུག་ཆུ་གཤིན་བདུད་ནག་པོའི་ནུབ་སྒོ་སྲུང་བའི་དཔའ་བོ་ཡིན།  ཁོ་གླིང་དམག་གི་ཁྲོད་དུ་མཆོང་ནས་དམག་མང་བསད་པར་མ་ཟད།  གླིང་ཆུང་རྒྱུད་དཔོན་པོ་མི་སྤྱང་རིན་ཆེན་དར་ལུ་བཀྲོངས། ཐ་མར་བདུད་རི་ཤན་པ་དམར་པོའི་གསོན་བཟུང་བྱས།  དེ་ནས་གླིང་ཆུང་ཤོག་ནས་དཔོན་རིན་ཆེན་དར་ལུ་འདས་པའི་ཤ་ལན་དུ་མདའ་རུབ་བརྒྱབ་ནས་བསད་པར་གདའ།

༥བྱང་བདུད་ཁྱབ་པ་ལག་རིང་།  དུག་ཆུ་གཤིན་བདུད་ནག་པོའི་བྱང་སྒོ་སྲུང་བའི་དཔའ་བོ་ཡིན། ཁོ་དང་ཤར་བདུད་གཉིས་ཀྱི་གླིང་དམག་དཀྲུགས་ནས་ཡོངས་སྐབས་ཚ་ཞང་འདན་མ་བྱང་ཁྲས་རལ་གྲི་འཇང་བ་ཡུ་དམར་གཡུག་ཐེངས་གཅིག་གིས་སྐེ་རྡུམ་མེར་བཅད་ནས་བསད།

མི་ནུབ་དར་རྫོང་དུ་བཀྲོངས་སོང་བའི་གླིང་གི་དཔོན་མགོ་ཆེ་གྲས་དག་གིས་མཚན་རགས་ཙམ་བརྗོད་ན། ༡ གླིང་སྟག་རོང་ཨ་ནུ་ཁྲབ་གཤོག   ༢ བྱེ་རུའི་བརྒྱ་དཔོན་ཁྲི་ཐུབ་ངར་མ།  ༣སོག་བློན་རྟ་དམར་སྟོབས་ཆེན། ༤  ཞང་ཞུང་སྟག་མོ་ཁྲི་བརྟན། ༥ སྟག་གཟིག་གི་འགོ་བ་ཤེད་ཆེན་རི་བོ་མཛུབ་ཕུག   ༦བར་གླིང་འོམ་བུའི་དཔོན་པོ་འཇང་སྲས་གཡུ་ཁྲི་གོང་སྔོན།  ༧སྟོང་དཔོན་ཡ་མི་བསོ་སྒྲ། ༨འཇང་བློན་གངས་རྗེ་ཨ་བརྟན།   ༩སྟག་གཟིག་གི་གྱད་མི་སོག་པོ་འབུམ་ཐུབ།  ༡༠བདུད་ཀྱི་བློན་པོ་ནག་པོའི་ཁྲབ་ཆེན་བར་འབར།  ༡༡འདན་སྲས་གཡུ་འོད་འབུམ་མེ། ༡༢ འཇང་གི་ཨ་བསེ་ཐོག་རྒོད། ༡༣ སྒ་བློན་རྩལ་ཆེན་རྡོ་རྗེ་འཕེན་ཕྱུག  ༡༤སེར་པོ་ཧོར་གྱི་དཔོན་པོ་ཤན་ཚ་རླུང་ལྷ་མགྱོགས་ལྡན།  ༡༥གྲུ་གུའི་དཔོན་པོ་གྲོག་མའི་ཤི་བདུད་ནག་མགོ  ༡༦ ཁ་ཆེའི་བློན་པོ་ཡ་མེད་རྡོ་ར་བཙན་རྒོད། ༡༧ གླིང་ཆུང་རྒྱུད་དཔོན་པོ་མི་སྤྱང་རིན་ཆེན་དར་ལུ་སོགས་དཔའ་དེ་གྲགས་བཅུ་བདུན་ཙམ་ཤོར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号