གེ་སར་གྱི་ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི་ལོ་རྒྱུས་བཞུགས།

༄༅། །རིགས་གསུམ་སེམས་དཔའི་སྤྲུལ་པའི་སྐུ། །པདྨའི་ཕོ་ཉ་བདུད་ཀྱི་གཤེད། །ཚད་མེད་ཐུགས་རྗེ་མངའ་བའི་རྗེའི། །ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི། །ལོ་རྒྱུས་ཅུང་ཟད་བསྙད་བྱས་ན། །རྟ་མགྲིན་ཟློས་གར་གེ་ཐུང་ལ། །སྟག་ལྷས་ལུང་བསྟན་ཇི་བཞིན་དུ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །འདན་གྱི་རག་བཟའ་གསེར་མཚོ་དེས། །གཡང་མོ་ལུག་གི་བལ་འཇམ་ལས། །ཕྱིང་དཀར་སྤུས་ལྡན་ལེགས་པར་གྲུབ། །དེ་ནས་གེ་ཐུང་རྒྱལ་པོ་དེས། །སྟག་ཟླའི་ཚེས་པ་བཅོ་ལྔའི་ཉིན། །ཐོ་རེངས་ཞྭ་བཟོས་ཉིན་གུང་གྲུབ། །ཞྭ་མཆོད་ཕུལ་ནས་འདི་སྐད་གསུངས། །གཡང་མོ་ལུག་གི་བལ་ལས་བཟོས། །རྨ་གཡང་འགུག་པའི་རྟེན་འབྲེལ་ཡིན། །ཞྭ་འདབ་ཟླུམ་པོ་བྱས་པ་འདིས། །ཞི་བའི་ལས་ཀུན་འགྲུབ་པ་མཚོན། །ཞྭ་ནང་གྲུ་བཞི་བྱས་པ་འདིས། །རྒྱས་པའི་ལས་རྣམས་འགྲུབ་པ་མཚོན། །སོག་ཁ་དྲས་ཤིང་དྲུབ་པ་འདིས། །དབང་གི་ལས་ཀུན་འགྲུབ་པ་མཚོན། །ཞྭ་རྩེ་གྲུ་གསུམ་བྱས་པ་འདིས། །དྲག་པོའི་ལས་རྣམས་འགྲུབ་པ་མཚོན། །རྩེ་ལ་ཛར་དམར་བརྒྱན་པ་འདིས། །འཛམ་གླིང་དབང་དུ་བསྡུ་བ་མཚོན། །དར་སྣ་ལྔ་ཡིས་སྤྲས་པ་འདིས། །རིགས་ལྔའི་རང་བཞིན་ཡིན་པ་མཚོན། །རྨ་བྱའི་སྒྲོ་ཡིས་བརྒྱན་པ་འདིས། །དུག་ལྔས་གོས་པ་མེད་པ་མཚོན། །མེ་ལོང་འོད་ལྡན་བཏགས་པ་འདིས། །སྲིད་གསུམ་ས་ལེར་མཁྱེན་པ་མཚོན། །དེ་ལྟར་ལུང་གིས་ཟིན་པའི་ཞྭ། །ད་ལྟ་སྟག་རོང་མཆོད་པའི་རྟེན། །མ་འོངས་སྤྲུལ་པའི་རྒྱལ་པོ་ཡི། །དབུ་ལ་གསོལ་བའི་སྐལ་བཟང་དུས། །དེ་ཚེ་ཡི་དམ་ལུང་བསྟན་ཡོད། །དེ་བར་མཆོད་པའི་སྤྲིན་གྱིས་མཆོད། །བགྲང་བྱ་བཅུ་གསུམ་སོང་མཚམས་སུ། །ཇོ་རུ་དགུང་ལོ་བརྒྱད་ཀྱི་དུས། །ཕྱིང་ཞྭ་ཟླ་བའི་མདངས་ལྡན་དེ། །སྨོན་ལམ་དང་བཅས་ཁྲོ་རྒྱལ་གྱིས། །ཇོ་རུའི་དབུ་ལ་གསོལ་བར་མཛད། །འཛམ་གླིང་དབང་དུ་འདུ་བ་དང༌། །བཅོ་བརྒྱད་གྲངས་ལྡན་རྫོང་གི་གཏེར། །མཐོང་སྨོན་གླིང་གི་ཡུལ་མཆོག་ཏུ། །འདྲེན་པའི་རྟེན་འབྲེལ་ཐོག་མར་འགྲིག །དེ་འདྲའི་རྨད་བྱུངཞྭ་དེ་ཉིད། །དེང་དུས་རྟ་རྣ་དགོན་དུ་བཞུགས། །སྐྱེ་མདོ་རྟ་རྣའི་མགོན་ཁང་ནས། །མཇལ་བའི་སྐལ་བ་བཟང་པོ་བྱུང༌། །དེ་ཚེ་གྱོན་སྙིང་འདོད་པ་དང༌། །གེ་ཐུང་སྲིན་གྲི་སྤྲེའུ་མགོ། །ལག་གཡས་བཟུང་ནས་འཕྲུལ་པར་ཞིག །ལེན་སྙིང་འདོད་ཀྱང་གནས་དེ་རུ། །བླ་དཔོན་མི་དྲག་མང་རྐྱེན་གྱིས། །བཏང་སྙོམས་ངང་དུ་ལུས་པར་གྱུར། །མཁས་མཆོག་གོང་པ་གནམ་གྲགས་ཀྱིས། །སྲིན་གྲིའི་ལོ་རྒྱུས་བྲིས་ཤིག་གསུངས། །དེ་འཕྲལ་ལོ་རྒྱུས་ཡི་གེར་བྲིས། །ཀུན་གྱིས་ཧ་ཅང་མཚར་ཞེས་བསྟོད། །རྟ་རྣའི་བསྟན་བདག་སྤྲུལ་སྐུ་དེས། །ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི། །ལོ་རྒྱུས་བྲིས་ཞེས་བསྐུལ་བའི་ངོར། །མདོ་མེད་གྱི་ན་དྷྭ་ཛ་ཡིས། །རིག་པའི་ཀློང་ལས་གང་ཤར་བ། །མ་བཅོས་འཕྲལ་དུ་བྲིས་པ་དགེ ༈ །ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི། །ལོ་རྒྱུས་བྲི་སྙིང་འདོད་པའི་མོད། །ཉམས་སྣང་སྒྱུ་མའི་ཟློས་གར་དབུས། །གེ་ཐུང་ཞལ་རས་སྨིག་སྒྱུ་མཐོང༌། །དེ་ཚེ་མོ་གཤམ་བུ་ཆུང་ངས། །རྨི་ལམ་གསེར་གྱི་བྲིས་སྨྱུག་གིས། །ཆུ་ནང་ཟླ་བའི་གཟུགས་བརྙན་སྟེང༌། །བྲག་ཅའི་གཏམ་འདི་ཡི་གེར་ཕབ། །ནམ་མཁའི་ཨུཏྤལ་མཆོད་བཞིན་དུ། །རུས་སྦལ་སྤུ་ཡི་ཁུག་ནང་བཅུག །ཐག་ཁྲ་སྦྲུལ་གྱིས་ཁ་བཅིངས་ནས། །དྲི་ཟའི་གྲོང་ཁྱེར་བསླེབས་མ་ཐག །ཐོ་ཡོར་མི་ལ་བཅོལ་བ་བྱས། །རི་བོང་རྭ་ཡི་སྐས་འཛེགས་ནས། །འཇའ་ཡི་སྟེང་དུ་ཁོལ་ཅིག་སྨྲས། །མི་སྲིད་དགུ་སྲིད་སྲིད་པ་དང༌། །མི་སྣང་དགུ་སྣང་སྣང་བའི་ཚུལ། །མི་མཚར་དགུ་མཚར་མཚར་བ་འདི། །མི་མཁས་དགུ་མཁས་མཁས་ཁྱོད་ཕུལ། །མི་གསུང་དགུ་གསུང་གསུངས་པ་ཁྱོད། །མི་དྲི་དགུ་དྲི་དྲིས་པའི་ལན། །མི་ཤེས་དགུ་ཤེས་ཤེས་པ་ངས། །མི་ཟེར་དགུ་ཟེར་ཟེར་འདི་ཕུལ། །ཨ་འཁྲོ་བསྟན་པའི་རྒྱལ་མཚན་གྱིས། །ཨ་ལག་རབ་བརྟན་དགེ་ལེགས་ལ། །ཨ་མཚར་ཀུ་རེའི་ཚུལ་དུ་སྨྲས། །ཨ་ལེ་གསུངས་ནས་དགྱེས་གྱུར་ཅིག །

༄༅། །ཕྱིང་ཞྭ་སྒྲུབ་བྱེད་ཀྱི་ཡིག་ཆུང་བཞུགས། ཕྱིང་ཞྭ་ཟླ་བའི་མདངས་ལྡན་ཞེས། །སྔོན་ཚེ་སྤྲུལ་པའི་མཐུ་བོ་ཆེ། །པདྨ་དབང་ཆེན་མི་ཡི་ཚུལ། །སྨོན་ལམ་བདེན་ཚིག་གྲུབ་པའི་རྗེ། །གེ་ཐུང་རཱ་ཛས་འཕྲུལ་གྱིས་བཟོས། །རྡོ་རྗེའི་བདེན་ཚིག་ནུས་མཐུ་དང་། །ཆོས་ཉིད་རྟེན་འབྲེལ་ཟབ་མོའི་མཐུས། །དུས་བབ་ལས་དང་སྨོན་ལམ་གྱིས། །སེང་ཆེན་བླ་མའི་ཅོད་པན་དུ། །མངའ་གསོལ་གཟེངས་བསྟོད་མེ་ཏོག་གཏོར། །རིགས་གསུམ་མགོན་དང་མཚོ་སྐྱེས་རྒྱལ། །ཡི་དམ་ལྷ་ཚོགས་སྤྲིན་ལྟར་འཁྲིགས། །ལྷ་ཀླུ་གཉན་སོགས་མཐུ་རྩལ་ཅན། །ཉི་ཟེར་རྡུལ་འཁྲིགས་བཞིན་དུ་བཞུགས། །འཇའ་འོད་གུར་དང་མེ་ཏོག་ཆར། །རོལ་མོའི་སྒྲ་བཅས་མངོན་སུམ་མཐོང་། །དེ་ཚེ་གེ་ཐུང་རཱ་ཛ་ཡིས། །རྡོ་རྗེའི་བདེན་ཚིག་སླར་ཡང་བརྗོད། །སྤྲུལ་པའི་སྐྱེས་མཆོག་གེ་སར་རྗེར། །ལས་བཞི་ལྷུན་གྲུབ་ཞྭ་འདི་གསོལ། །བདུད་བཞིའི་གཡུལ་ལས་རྒྱལ་བ་དང་། །འཛམ་གླིང་དབང་དུ་འདུ་བར་ཤོག །ལས་བཞི་ལྷུན་འགྲུབ་ཞྭ་འདི་གསོལ། །འབྱུང་པོ་མི་མིན་དམ་བཏགས་ཤིང་། །འཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །ལས་བཞི་ལྷུན་འགྲུབ་ཞྭ་འདི་གསོལ། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བར་ཤོག །ལས་བཞི་ལྷུན་འགྲུབ་ཞྭ་འདི་གསོལ། །སྦྱིན་པའི་བདག་པོའི་མངའ་ཐང་རྒྱས། །ཚེ་རིང་མི་ནོར་འཛོམ་པར་ཤོག །ལས་བཞི་ལྷུན་འགྲུབ་ཞྭ་འདི་གསོལ། །ཡུལ་ཁམས་བདེ་ཞིང་ལོ་ཕྱུག་ལེགས། །རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །ལས་བཞི་ལྷུན་གྲུབ་ཞྭ་འདི་ལ། །མ་འོངས་ཉི་ཤུའི་ཁ་རལ་དུས། །མཆོད་དང་འདི་མཚུངས་བཟོ་བྱས་ན། །གེ་ཐུང་རཱ་ཛ་ཁུ་ཚན་གྱི། །བྱིན་རླབས་འཇུག་པའི་ཐུགས་སྨོན་ཡོད། །དེ་ཡང་མཆོད་གཞིའི་སྟེགས་ཀྱི་སྟེང་། །བཞུགས་སུ་གསོལ་ནས་མཆོད་པས་བསྐོར། །གེ་ཐུང་རཱ་ཛ་ཁུ་ཚན་དང་། །དཔའ་བརྟུལ་ཕུ་ནུ་འཁོར་བཅས་ཀྱིས། །ཅོད་པན་འདི་ལ་བྱིན་ཆེན་ཕོབ། །སུས་མཐོང་བུ་ལ་དངོས་གྲུབ་སྩོལ། །དེ་སྐད་བརྒྱ་རྩ་བརྗོད་བྱས་ནས། །མེ་ཏོག་གཏོར་ན་དངོས་གྲུབ་འཐོབ། །དེ་ནས་མཛོད་དུ་གཡང་རྟེན་བྱ། །ཐག་རིང་འགྲོ་ན་དབུ་ལ་གསོལ། །དགྲ་རྐུན་འཇིགས་དང་འཕྲད་པ་མིན། །མཚོན་སྲུང་འདི་ཉིད་ཁོ་ན་ཟབ། །གཞན་ཡང་ཡོན་ཏན་མཐའ་ཡས་མོད། །མདོ་བསྡུས་ཙམ་ཞིག་ཁོ་བོས་སྨྲས། །དེ་སྐད་རྟ་རྣ་དགའ་བ་ཡིས། །ཕྱིང་ཞྭ་སྒྲུབ་བྱེད་ཡིག་ཆུང་ཞིག །བྲིས་ཞེས་བསྐུལ་ངོར་དྷྭ་ཛ་ཡིས། །འཕྲལ་མར་ཡི་གེའི་རིས་སུ་ཕབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号