ཀྲུང་གོ་དང་སུའེ་ཙེར་གྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་འཕར་གྲོས་མོལ་དངོས་སུ་མགོ་བརྩམས།

སར་འགོད་པས་ཚེས23ཉིན་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཉིན་དེར་སུའེ་ཚེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་དང་དཔལ་འབྱོར་དང་སློབ་གསོའི་ཞིབ་འཇུག་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཕཱ་མུའུ་ལན་དང་མཉམ་དུ་བརྙན་རིས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་འཕར་གྲོས་མོལ་དངོས་སུ་མགོ་རྩོམ་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པ་དང་། གྲོས་མོལ་མྱུར་མོར་སྤེལ་ནས། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་སྔ་མོ་ནས་ཆུ་ཚད་མཐོ་བའི་རིམ་འཕར་གྲོས་ཆོད་འགོད་པར་ཡིད་འཐད་བྱུང་ཡོད།

ཝང་ཝུན་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་སུའེ་ཙེར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་གྱུར་ནས་ལོ་ངོ10འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་ཕན་འབྲས་དངོས་ཐོབ་ཡོད། ཀྲུང་གོ་དང་སུའེ་ཙེར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་རིམ་འཕར་བྱེད་པ་དེ་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་པ་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་རིམ་པ་འཕར་བར་སྐུལ་འདེད་གཏོང་བ་དང་། ཁྱད་པར་དུ་མིག་སྔའི་དཔལ་འབྱོར་འཛམ་གླིང་ཅན་ལ་ཤན་ཤུགས་ཐེབས་པའི་གནས་ཚུལ་འོག ཕྱི་ཕྱོགས་སུ་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་དང་སྒོ་འབྱེད་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བརྡ་གསལ་བོར་གཏོང་དགོས་ཟེར།

ཕཱ་མུའུ་ལན་གྱིས་བསྟན་དོན། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས2013ལོར་གཉིས་ཕན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་དེ་ཕྱོགས་གཉིས་ལ་ཕུན་སུམ་ཚོགས་པའི་ཁེ་ཕན་བསྐྲུན་ཡོད། མིག་སྔར་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་མགོ་འབུས་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་འཕར་གྲོས་མོལ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་དང་ཚད་ལྡན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་པ་དང་། ཕྱི་ཕྱོགས་ལ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བརྡ་གསལ་བོ་བཏང་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རིམ་འཕར་གྲོས་མོལ་ལ་ལེགས་འགྲུབ་འབྱུང་ཐུབ་པར་ཡིད་ཆེས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号