ཕཱ་ཁི་སི་ཐན་གྱི་ནོར་སྲིད་པུའུ་ཀྲང་གིས་ཕཱ་ཁི་སི་ཐན་གྱི་དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་མཉམ་འཛུགས་བྱེད་དགོས་པའི་ཚུལ་བསྟན།

ཕཱ་ཁི་སི་ཐན་གྱི་ནོར་སྲིད་པུའུ་ཀྲང་ཨོ་ལིང་ཙི་པུའུ་ཡིས་ཚེས24ཉིན་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ཚུན་ལ། ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རིམ་པ་འཕར་བའི་བར་ཁྱམས་གསར་འཛུགས་བྱེད་ཆེད། ཕཱ་ཁི་སི་ཐན་གྱི་དམངས་གཉེར་ཁེ་ལས་དག་བར་ཁྱམས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་ནས་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཕཱ་ཁི་སི་ཐན་ས་ཁུལ་གྱི་དཔལ་འབྱོར་གླེང་སྟེགས་ཀྱི་མུ་འབྲེལ་བྱ་འགུལ་ཉིན་དེར་ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཧི་ཨར་ནས་སྤེལ། ཨོ་ལིང་ཙི་པུའུ་ཡིས་བྱ་འགུལ་སྟེང་བརྙན་རིས་བརྒྱུད་དེ་བཤད་རྒྱུར། མིག་སྔར་ཕཱ་ཁི་སི་ཐན་གྱི་ཆེ་མཐོང་དཔལ་འབྱོར་གནས་བབ་གཏན་འཇགས་སུ་འགྲོ་བཞིན་ཡོད་པ་དང་། ཕྱི་དངུལ་གྱི་གསོག་ཚད་ཇེ་མང་དུ་སོང་ཡོད་ལ། དངུལ་ལོར་ཚད་བརྒལ་འགྲེམ་ཚད་ཇེ་དམའ་རུ་སོང་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་མཉམ་འཛུགས་བྱེད་པར་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

ཕཱ་ཁི་སི་ཐན་སྔོན་ཆད་ཀྱི་ཙུང་ལིའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་དོན་གྱི་དམིགས་བསལ་ལས་རོགས་པ་མན་སུའུ་ཨར་གྱིས་བྱ་འགུལ་སྤེལ་སའི་ཡུལ་དངོས་ནས་བསྟན་དོན། ཕཱ་ཁི་སི་ཐན་གྱི་སྒེར་གཉེར་སྡེ་ཁག་དག་ཞིང་ལས་དང་འཁལ་འཐག གཏེར་ལས། བརྡ་འཕྲིན་ལག་རྩལ། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྲོད་ཞུགས་དགོས་པ་དང་། ས་གནས་རང་གི་ཐོན་ཁུངས་དང་འཇོན་མིའི་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱས་ཤིང་། དངུལ་གཏོང་ནང་འགུག་དང་ལས་ཞུགས་གོ་སྐབས་གསར་བསྐྲུན། ཕྱིར་གཏོང་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ་ས་ཁུལ་དེ་དང་ཉེ་འཁོར་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཙེ་ཏུང་གིས་བྱ་འགུལ་སྤེལ་སའི་ཡུལ་དངོས་ནས་ཞུ་ཚིག་ཕུལ་ཏེ། ཕཱ་ཁི་སི་ཐན་གྱི་ཐོན་ཁུངས་ཁྱད་དུ་འཕགས་པ་དང་། ཕཱ་ཁི་སི་ཐན་གྱི་སྲིད་གཞུང་གསར་བའི་སྲིད་སྐྱོང་དམིགས་འབེན་གསལ་བོ་ཡིན་པས། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཡིད་ཆེས་བརྟན་པོ་དང་དངོས་གཉེར་དམ་འཛིན། མཉམ་ལས་སྲ་བརྟན་དང་རྒྱ་བསྐྱེད་བྱས་ཏེ། ཕཱ་ཁི་སི་ཐན་གྱིས་རང་བདག་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་འདོད་ཡོད་ལ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཁེ་ལས་ཚོང་གཉེར་ཐད་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས། ཚོང་གཉེར་བྱེད་པར་ཕན་པའི་བདེ་འཇགས་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号