རྒྱལ་ཁབ་མང་བོས་འདུ་ཚོགས་སྤེལ་ནས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱས་པ་དང་འཁྲུག་རྩོད་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་རྒྱ་ཡན་དུ་སོང་ནས་ལོ་གཅིག་ཙམ་འགོར་བ་དང་། ས་ཁུལ་གྱི་གནས་བབ་དེ་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་ཅི་ཡང་མེད་པར་སྔར་ལས་ཛ་དྲག་ཏུ་གྱུར་ནས་ས་ཁོངས་གཞན་དུ་མཆེད་བཞིན་ཡོད། ཉེ་སྔོན་རྒྱལ་ཁབ་མང་བོ་ནས་རྔམ་སྟོན་ངོ་རྒོལ་སོགས་ཀྱི་འདུ་ཚོགས་བྱ་འགུལ་སྤེལ་ནས། དབྱི་སི་རལ་གྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། མི་སེར་དཀྱུས་མར་ཤི་རྨས་བཟོ་བ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མང་ཚོགས་མང་བོ་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་ཕོ་བྲང་དཀར་པོའི་ཉེ་འདབས་ཀྱི་སྲང་ལམ་དུ་འདུས་ནས། ཕོ་བྲང་དཀར་པོར་ཁ་གཏད་ནས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་པ་དང་། ཁོ་ཚོས་ཕཱ་ལེ་སི་ཐན་གྱི་རྒྱལ་དར་མཐོན་པོར་བསྒྲེངས་པར་མ་ཟད། ཨ་མེ་རི་ཁས་དབྱི་སི་རལ་གྱི་རོགས་སྐྱོར་ཚང་མ་མཚམས་འཇོག་དགོས་པ་དང་། ཕཱ་ལེ་སི་ཐན་དང་མཉམ་དུ་སྡོད་དགོས་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ནས། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱས་པ་དང་། དབྱི་སི་རལ་གྱིས་མྱུར་མོར་མི་སེར་དཀྱུས་མ་དམར་གསོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཝ་ཧྲིན་ཐོན་དང་ཉེ་འཁོར་ས་ཁུལ་གྱི་མང་ཚོགས་དག་གིས་ཚེས7ཉིན་ཞག་སྒྲོན་མཚན་སྲུང་བྱ་འགུལ་སྤེལ་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུ་རྒྱུ་ཟེར།

ཨ་མེ་རི་ཁའི་ལོ་ཧྲན་ཅི་གྲོང་ཁྱེར་ལྟེ་གནས་སུ། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱིས་ཚེས5ཉིན་འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ཕཱ་ལེ་སི་ཐན་དང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་མི་དམས་ཀྱིས་མཐུན་སྒྲིག་གཅིག་གྱུར་བྱས་ནས་ཞི་བདེ་དང་དྲང་བདེན་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་སྟོང་ཕྲག་འགའ་ཡིས་ཚེས5ཉིན་ངོ་རྒོལ་བྱ་འགུལ་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་སོགས་སུ་དམག་དོན་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱས་པ་དང་། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མང་བོས་ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་གྱི་རྒྱལ་དར་བཟུང་ཡོད་ལ། ཕཱ་ལེ་སི་ཐན་བཅིངས་འགྲོལ་བྱེད་དགོས་ཞེས་པའི་འཕྲེད་བྱང་བཟུང་ནས། ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་གྱི་མང་ཚོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་ཁ་གཡང་མཐོན་པོར་བསྒྲགས།

ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་མཁར་རྙིང་གི་རྒྱལ་བོའི་ཕོ་བྲང་ཐང་ཆེན་ནས། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མང་བོ་ཚེས5ཉིན་གྱི་ཉིན་གུང་གནས་དེར་འདུས་པ་དང་། ཁོ་ཚོས་དམར་གསོད་མཚམས་འཇོག་པ་དང་བཙན་བཟུང་མཚམས་འཇོག་དགོས། དམར་གསོད་ནི་རང་སྲུང་མིན་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ནས། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་། རྔམ་སྟོན་བྱ་འགུལ་གྱི་རྩ་འཛུགས་མཁན་གྱིས་མཚམས་སྦྱོར་བྱས་དོན། རྔམ་སྟོན་བྱ་འགུལ་དེ་རིགས་ཉིན་དེར་ད་རུང་ཁི་ལཱ་ཁི་ཧྥུའུ་དང་ཀི་ཏན་སི་ཁི་སོགས་ཕོ་ལན་གྱི་གྲོང་ཁྱེར་མང་བོ་ནས་སྤེལ་བ་རེད།

ཅེ་ཁིའི་རྒྱལ་ས་པུའུ་ལཱ་ཀི་ནས། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་བརྒྱ་ཕྲག་འགའ་ཡིས་ཚེས5ཉིན་ཕཱ་ལེ་སི་ཐན་གྱི་རྒྱལ་དར་དང་འཁྲུག་རྩོད་མྱུར་མོར་མཚམས་འཇོག་དགོས་པ་དང་དབྱི་སི་རལ་གྱི་བཙན་བཟུང་ལ་བཀག་འགོག་བྱེད་པ། ཕཱ་ལེ་སི་ཐན་གྱི་དམར་གསོད་མཚམས་འཇོག་དགོས་པ་སོགས་ཀྱི་འཕྲེད་བྱང་བཟུང་ནས། ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱས་པ་དང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱས།

ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཅཱ་ཡི་མཚོ་འགྲམ་སྒྱུ་རྩལ་ལྟེ་གནས་སྤྱི་གླིང་དུ། ས་དེའི་མང་ཚོགས་ཀྱིས་ཚེས5ཉིན་རྗེས་དྲན་བྱ་འགུལ་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པར་ངོ་རྒོལ་བྱས། བྱ་འགུལ་སྤེལ་སྐབས་མི་མང་བོས་ལག་ཏུ་ཞག་སྒྲོན་བཟུང་ནས། ཚེ་ལས་འདས་པའི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་མྱ་ངན་ཞུས།

ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་སྟོང་ཕྲག་འགའ་ཡིས་ཚེས4ཉིན་འདུ་ཚོགས་སྤེལ་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་དུ་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། ཉིན་དེར་ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་གིས་སཱ་ནཱ་རུ་བར་སྣང་འཇབ་རྒོལ་ཐེངས་མང་སྤེལ་བ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་པར་མ་ཟད། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་པར་མི་དགའ་བའི་ཚུལ་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号