ཞི་ཅིན་ཕིང་ནས་ཧྲེན་ཀྲུང་བགྲོད་ལམ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས།

ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་གཙང་པོ་སྒྲོལ་བའི་བགྲོད་ལམ་དེ་ཟླ6ཚེས30ཉིན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། འཆར་འགོད་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཡངཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཧྲེན་ཀྲུང་བགྲོད་ལམ་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་ཟིན་རྗེས་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དུ་བསྐྲུན་པའི་འགྲིམ་འགྲུལ་ལས་གྲྭ་ཆེ་གྲས་གཞན་ཞིག་ཡིན་པ་དང་། འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ཁྱད་དུ་བསད་ཅིང་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་ཡོད། ལས་གྲྭ་དེའི་ནང་ཞུགས་མཁན་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་སྙིང་རུས་ཆེན་པོར་བརྟེན་ནས་སྤུས་ཚད་མཐོ་པོའི་ངང་ལས་གྲྭའི་ལས་འགན་ལེགས་སྒྲུབ་བྱས་ཡོད། དེའི་ཐོག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་འབད་འཐབ་ལ་བརྟེན་ནས་འབྱུང་བ་དང་རླབས་ཆེན་གྱི་བྱ་གཞག་ཚང་མ་བྱ་བ་དངོས་སྒྲུབ་པར་བརྟེན་ནས་འགྲུབ་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། གོམ་སྟབས་རྗེས་མར་ཧྲེན་ཀྲུང་བགྲོད་ལམ་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཐོག བདེ་འཇགས་ལྡན་པ་དང་ཤར་བགྲོད་ཐུབ་པ། སྐྱིད་པ། རིག་ལྡན་བཅས་ཀྱི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་དང་། འགྲིམ་འགྲུལ་ལམ་གཏོད་ཀྱི་གདོང་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུའུ་ཅང་གཙང་པོའི་ཤར་ནུབ་ངོགས་གཉིས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་དང་སྒྲིག་སྲོལ་ལམ་སྲོལ་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་ཁྲོམ་ར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་འདི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་འཐབ་ཇུས་ཀྱི་རྟེན་ས་དང་། སྤུས་མཐོའི་གོང་འཕེལ་གྱི་དཔེ་སྟོན་ས་ཆ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྣེ་ཁྲིད་ས་ཆ་བཅས་སུ་འཛུགས་སྐྲུན་ཐུབ་ཆེད་ཞབས་ཞུའི་འགན་ལེན་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་འདུག

ཟླ6ཚེས30ཉིན་གྱི་སྔ་དྲོ། ཧྲེན་ཀྲུང་བགྲོད་ལམ་ཤར་གཏོང་ཐུབ་པའི་བྱེད་སྒོ་དེ་མིས་བཟོས་གླིང་ཕྲན་ནུབ་མའི་ཐོག་སྤེལ་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་གིས་ས་ཡུལ་དངོས་སུ་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་གནང་བ་མ་ཟད། ཧྲེན་ཀྲུང་བགྲོད་ལམ་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་ཡོད།

ཧྲེན་ཀྲུང་བགྲོད་ལམ་ནི་ཧྲེན་ཀྲེན་ནས་ཚེན་ཞི་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ཀྲུའུ་ཅང་གཙང་པོ་སྒྲོལ་བའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ24ཙམ་ཡོད། རྣམ་གྲངས་དེ2017ལོའི་ཟླ2པར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དུས་ཡུན་ལོ7འཛུགས་སྐྲུན་བྱས་ནས་ཤར་གཏོང་ཐུབ་པ་ཞིག་ཡིན་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་ཐོག“ཟམ་པ་དང་། གླིང་ཕྲན། ཕུག་ལམ། ཆུ་འོག་ཕན་ཚུན་འབྲེལ་མཐུད”ཀྱི་གཞི་གཅིག་ཅན་གྱི་རྒྱ་མཚོ་སྒྲོལ་བའི་ཚོགས་པའི་ལས་གྲྭ་ཐོག་མ་དེ་ཡིན། རྣམ་གྲངས་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་རླངས་འཁོར་བཏང་ནས་སྐྱོད་པའི་ལམ་ཐག་དེ་མིག་སྔའི་ཆུ་ཚོད2ཙམ་ནས་སྐར་མ30བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号