ཞི་ཅིན་ཕིང་གིས་ཏུང་ཐིང་མཚེའུ་ཡི་རཊ་ཁ་ཤོར་བའི་ཐད་མཛུབ་སྟོན་གནང་བ།

ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། ཧུའུ་ནན་ཡུའེ་ཡང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཤང་ཐོན་པེ་གྲོང་ཚོའི་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུའི་ཆེས་མདུན་ཕྱོགས་ཀྱི་རགས་ཁ་ཤོར་ནས་ཆུས་བསྣུབས་པ་དང་། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བདེ་འཇགས་ངང་གནས་སྤོ་བྱས་ཟིན་ཡོད།

ཉེན་ཁའི་གནས་ཚུལ་ཐོན་པའི་རྗེས། ཕྱི་རྒྱལ་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཧུའུ་ནན་ཡུའེ་ཡང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུའི་ཆེས་མདུན་ཕྱོགས་ཀྱི་རགས་ཁ་ཤོར་བས། ཉེན་ཁ་འཕྲད་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཀོད་སྒྲིག་འོས་འཚམ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ཉེན་སེལ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་མངགས་ནས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། རང་རྒྱལ་དུ་ཁྱོན་ཡོངས་ནས་འབྲུབ་ཆུ་རྒྱས་པའི་དུས་མཚམས་གཙོ་བོར་སླེབས་པ་ནས་བཟུང་། ས་ཆ་ཁག་གཅིག་ཏུ་ཆར་པ་འབབ་ཚད་མང་བ་དང་རྒྱུན་མཐུད་པའི་དུས་ཡུན་རིང་བས། འབྲུབ་འགོག་གི་དུས་བབ་ཛ་དྲག་པོ་ཡོད། ལྷག་པར་དུ་ཆུ་རགས་ལ་ཆུའི་བསླད་སྐྱོན་ཕོག་པའི་དུས་ཡུན་རིང་བས་སྦུག་འཕྱུར་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་སླ་པོ་ཆགས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་ཆེ་ཙམ་ཡོད། འབྲེལ་ཡོད་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས། འབྲུབ་འགོག་གེགས་སེལ་དང་ཉེན་སེལ་གྱི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ལས་དོན་སྤེལ་བ་དང་། ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་འཕྲལ་དུ་ཐག་གཅོད་ཐུབ་པ་བྱེད་དགོས་པ་དང་། འབྲུབ་འགོག་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཉེན་སེལ་ཐག་གཅོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་ནས། ཉེན་ཁའི་གནས་ཚུལ་ཚབས་ཆེར་མི་འགྲོ་བ་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་དུས་མཚུངས། ཆུ་མཛོད་ཀྱི་ཆུ་རགས་ལ་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་སྔོན་བརྡ་དང་ཉེན་བརྡ་གཏོང་རྒྱུ་དང་གྲོས་མོལ་ཞིབ་འཇུག་དང་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་འབྲུབ་འགོག་ཉེན་སེལ་དང་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབྲུབ་ཆུ་རྒྱས་པའི་དུས་མཚམས་བདེ་འཇགས་ངང་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཆུ་བེད་པུའུ། འཕྲལ་སྒྲུབ་དོ་དམ་པུའུ་བཅས་ཀྱིས་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་མངགས་ཡོད། ཧུའུ་ནན་ཞིང་ཆེན་དང་ཡུའེ་ཡང་གྲོང་ཁྱེར་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གྱིས་ས་གནས་ས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ལ་བཀོད་འདོམས་བྱེད་བཞིན་ཡོད། མིག་སྔར་འབྲེལ་ཡོད་ལས་དོན་སྤེལ་མུས་ཡིན་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号