ཁྲིན་ཀང་གིས་མགོ་འཛིན་བྱས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་འཐུས་ཚབ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་ལ་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། དྲིན་ཤེས་པ་དང་དྲིན་བསམ་པ། དྲིན་ལན་འཇལ་བའི་སེམས་པ་ཁྱེར་ནས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དང་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།

ཚོགས་ཐོག་ཏུ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་དང་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་ཞོ་ཧྥེ་ཞུའེ། ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དཀོན་མཆོག་དོན་འགྲུབ། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཱ་རུའུ་ཡུན། ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རིན་བཀྲ་བྷ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞོ་ཆོའི་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུའུ་ཝིན་ཞན། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན། མེན་ཧི་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཚའོ་ཐན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཡུང་ཀོང་སོགས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་སེམས་གཏམ་བཤད་པ་དང་མྱོང་ཚོར་གླེང་།

ཚང་མས་གཏམ་བཤད་ལ་ཉན་རྗེས། ཁྲིན་ཀང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་མཚོ་སྔོན་གྱི་འཕེལ་རྒྱས་དང་མཚོ་སྔོན་གྱི་མི་དམངས་ལ་ཐུགས་ཁུར་བྱས་པ་དང་། ཐེངས་གསུམ་ལ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་མཛད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཁ་ཕྱོགས་གསལ་བོ་བསྟན་པ་དང་འཆར་གཞི་བཀོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་སྣང་ཚུལ་རེ་རེ་དང་། བདེ་སྐྱིད་ཀྱི་རྣམ་པ་ད་དུང་མིག་ལམ་དུ་གསལ་བོར་མངོན་པ་དང་། མངག་བཅོལ་ད་དུང་སྣ་ལམ་དུ་གསལ་བོར་འདུག ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་དུས་སྐབས་གལ་ཆེན་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་དུས་རིམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱས་ལ། ང་ཚོས་ཐག་ཉེ་ས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཅེས་དམངས་བསམ་དང་མི་དམངས་བསམ་པའི་བརྩེ་སེམས་ཟབ་མོ་དང་མི་དམངས་ཀྱི་གཙོ་འཛིན་པའི་རང་གཤིས་འགུག་ཤུགས་ཉམས་སུ་མྱོང་ཐུབ་པར་བྱས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཐོ་སྒང་གི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དེ། ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་བྱེད་པ་ལས་བྱུང་བ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་འདུན་བརྟན་པོ་ལས་བྱུང་པ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཐད་ནས་རྒྱལ་ཁ་ལེན་པའི་ཡིད་ཆེས་ལས་བྱུང་བ་ཡིན། ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་པ་དང་། བླངས་པའི་གྲུབ་འབྲས་རེ་རེ་དང་བྱུང་བའི་འགྱུར་ལྡོག་རེ་རེ་མཐུར་གཏུགས་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཕྱོགས་སྟོན་གྱི་མཇུག་འབྲས་ཡིན་པ་དང་། སྐབས་རིམ་པའི་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བསམ་ཕྱོགས་བྱེད་ཐབས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་སྒུག་དང་མཐུན་པ་བདེན་དཔང་བྱས་ལ། ཏང་ཀྲུང་དབྱང་གི་རེ་བ་དང་མཐུན་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་མཐུན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་དང་གྲུབ་འབྲས་དངོས་སུ་བསྒྱུར་བ་དང་། མཚོ་སྔོན་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞཱ། པད་ཁོ། ཀྲུའུ་ཞང་ཧྥིན། ཉི་མ་སྒྲོལ་མ། ལིའུ་ཐའོ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་དང་སྔོན་ཐོན་དཔེ་སྟོན་འཐུས་ཚབ་པ། རྫོང་དང་ཡུལ་ཚོ། སྡེ་བའི་ལས་བྱེད་པ་དང་སློབ་གསོ་དང་མི་རིགས་ཆོས་ལུགས། སྐྱེ་ཁམས། ཐོན་ལས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མི་སྣ་དང་མང་ཚོགས་ཀྱི་འཐུས་ཚབ་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཆུའུ་དང་རྫོང་གི་ཏང་ཨུའི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号