མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་བྱ་ཝང་སྔོན་པོ།

སྟོན་ཁ་སླེབས་ཚེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ནགས་ཚལ་ཡོངས་སུ་གསེར་མདོག་གིས་བྱུགས་ཤིང་ཁ་དོག་རྣམ་པར་བཀྲ་བས་ལྷ་ཡུལ་ཁམས་དང་གཉིས་སུ་མ་མཆིས།

ཉེ་སྔོན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འཇུ་ལག་རྫོང་གི་སེམས་ཉིད་ནགས་རར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་བྱ་ཝང་སྔོན་པོ20མངོན། བྱ་ཝང་སྔོན་པོ་དེ་དག་སྐབས་རེར་ནགས་ཚལ་ཁྲོད་དུ་དལ་བར་རྒྱུ་བཞིན་རྒུམ་བུ་འཐུ་བ་དང་། སྐབས་རེར་མཉམ་དུ་འདུས་ནས་ངལ་གསོ་བ། ཡང་སྐབས་རེར་བྲག་ལྡེབས་ནས་སྐད་སྒྲོག་པ་སོགས་བྱས་ཏེ། ནགས་ཚལ་ཁྲོད་ཀྱི་ལྗང་མདོག་གི་སྤྲིན་གསོམ་དང་གསེར་མདོག་གི་སྟག་པ། སྐྱ་མདོག་གི་བྲག་རྡོ་སོགས་དང་ལྷན་གཅིག་ཏུ་འཆར་ཡན་དང་མཛེས་སྡུག་གིས་ཕྱུག་པའི་རི་མོ་ཞིག་གྲུབ་འདུག 

བྱ་ཝང་སྔོན་པོ་བྲག་ལྡེབས་སུ་འགྲེང་ནས་སྐད་སྒྲོག་པ། ལིན་ཝེ་ཧོ་ཡིས་པར་བླངས།

མདོ་ལ་རི་བོ་ནི་མདོ་དབུས་མཐོ་སྒང་དང་སོག་ཞིན་མཐོ་སྒང་། ས་སེར་མཐོ་སྒང་བཅས་མཐོ་སྒང་ཆེན་མོ་གསུམ་གྱི་འདྲེས་མཚམས་སུ་ཡོད་ལ། དེ་ནི་རང་རྒྱལ་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་རྨ་ཆུའི་འབབ་རྒྱུད་དང་ནུབ་བྱང་གི་ཆུ་བོ་མང་པོའི་འབྱུང་ཡུལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་སྔོན་ཐོན་ཁུལ་ཁོངས་བཅས་ཡིན་པར་མ་ཟད། ད་དུང་ཤར་ལྷོའི་བཞའ་བརླན་དུས་རླུང་ཁུལ་དང་ནུབ་བྱང་ཐན་སྐམ་ཁུལ། མདོ་དབུས་མཐོ་སྒང་མཐོ་གྲང་ཁུལ་བཅས་ཀྱི་འདྲེས་མཚམས་ཀྱང་ཡིན། 

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་། ལིན་ཝེ་ཧོ་ཡིས་པར་བླངས།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཡུག་ཁུལ་ཚོད་ལྟ་བྱེད་གནས་བསྐྲུན་པའི་ཚུན་ལ། སྔོ་ཁེབས་ཀྱི་རྒྱ་ཁྱོན་སྤྱི་ཆིངས་ཁྲི0.97ཇེ་མང་དུ་སོང་བ་དང་། བརྟག་དཔྱད་བརྒྱུད་དེ་འབུ་སྲིན་རིགས་གསར་བ14དང་ཀྲུང་གོའི་ཟིན་ཐོ་གསར་བ10། མཚོ་སྔོན་གྱི་ཟིན་ཐོ་གསར་བ228། མདོ་ལ་རི་བོའི་བྱ་རིགས་ཀྱི་ཟིན་ཐོ་གསར་བ90བཅས་ཤེས་རྟོགས་བྱུང་བ་སོགས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། 

བྱ་ཝང་སྔོན་པོས་དལ་ལྷོད་ངང་རྒུམ་བུ་འཐུ་བ། ལིན་ཝེ་ཧོ་ཡིས་པར་བླངས།

བྱ་ཝང་སྔོན་པོ་ངོ་སྤྲོད། 

བྱ་ཝང་སྔོན་པོ། དབྱིབས་བྱ་དེ་དང་སྡེ་དེ་ཕོ། ཚན་བྱ་ཝང་། ཁོངས་སྐམ་བྱ་བཅས་སུ་གཏོགས་ལ། གཟུགས་ཅུང་ཆེ་བའི་དེ་ཕོའི་རིགས་ཤིག་ཡིན། ལུས་ཧྲིལ་བོ་སྔོ་སྐྱ་ཡིན་ཞིང་། སྐེ་དང་ཕྲག་པའི་སྤུ་མདོག་མཐུག་ལ་ལྕགས་རིགས་ལྟ་བུའི་འོད་མདངས་ཡོད། རྔ་སྒྲོའི་མདོག་སྔོ་སྐྱ་ནས་རིམ་བཞིན་སྔོ་སྨུག་ཏུ་གྱུར་ཡོད་ལ། ཕོ་བྱའི་དཔྲལ་བ་དཀར་པོ་ཡིན་ཞིང་སྤྱི་གཙུག་སྒྲོ་སྤུ་ནག་པོས་ཁེབས་ཡོད། མགོའི་གཞོག་གཉིས་ཀྱི་མདོག་དམར་སང་ངེར་ཡོད་པ་དང་རྣ་སྒྲོ་དཀར་ཞིང་རྫོང་མཐུག་ལ་མིག་གི་འཇའ་སྐྱི་གསེར་མདོག་དང་མཆུ་ཏོ་དམར་སྐྱ་ཡིན། སུག་པ་དང་སྡེར་མོ་བྱུ་རུའི་མདོག་ལྟར་དམར། རྔ་སྒྲོ་མར་དཔྱངས་པ་རྟ་རྔ་ཞིག་དང་མཚུངས།

བྱ་ཝང་སྔོན་པོ་ནི་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་བྱ་རིགས་ཤིག་ཡིན་ལ། མཚོ་སྔོན་གྱི་བྱང་ཤར་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་ནུབ་བྱང་རྒྱུད་དང་མདོ་ལ་རིང་མོའི་ལྷོ་རྒྱུད། ཉིང་ཞ་ཧོ་ལན་རི་བོ་དང་སི་ཁྲོན་གྱི་ལྷོ་རྒྱུད་བཅས་སུ་ཁྱབ་ཅིང་། མཚོ་འཕགས་ལ་སྨི3000ཡས་མས་ཡོད་པའི་རི་ཁུག་དང་རྩྭ་ཐར་ཐོར་དང་ཤིང་ཕྲན་སྐྱེས་པའི་རྩྭ་ཐང་། ཐང་ཤིང་དང་མོན་ཆ་རའི་ནགས་ཚལ་བཅས་སུ་འཚོ་སྡོད་བྱེད། རྒྱུད་སྤེལ་དུས་མ་གཏོགས་རྒྱུན་པར་བྱ10ནས30རེ་མཉམ་དུ་འཚོ་བ་རོལ་ལ། ཆེས་མང་དུས་བྱ100ཡན་མཉམ་དུ་འཚོ་བའང་ཡོད། ཁ་ཟས་ལ་གཙོ་བོ་རྩི་ཤིང་གི་རྩད་པ་དང་གཞུང་རྟ། ས་བོན་སོགས་བཟའ་ཞིང་། རྒུམ་བུ་འཐུ་བའི་དུས་ཚོད་གཙོ་ཆེར་སྔ་དྲོ་དང་ཕྱི་དྲོ་ཡིན་ལ་ཞོགས་པ་དང་ས་སྲོད་ནི་ཆེས་མང་དུས་ཡིན། ཟླ4པ་ནས7པའི་བར་རྒྱུད་སྤེལ་བྱེད་པ་དང་། བྱ་ཝང་སྔོན་པོའི་ཚང་ནི་རྫོང་མཐུག་པའི་ཤིང་ཕྲན་གྱི་ནགས་གསེང་དང་ས་ཀོང་སོགས་སུ་བཅའ་ལ། ཚང་ནི་སྡེར་མའི་དབྱིབས་ཅན་གྱི་ཐབས་ཆག་ཅིག་ཡིན། སྤྱིར་བཏང་དུ་སྡོང་པོའི་ལོ་མ་དང་ཡལ་ག འཇག་མ། ས་བོན་སོགས་ཀྱིས་གྲུབ་པ་དང་ནང་དུ་བྱ་སྤུ་བཏིང་ཡོད། ཚང་རེ་རེར་སྒོ་ང6ནས12རེ་ཡོད་ལ། སྒོ་ང་རུམ་པའི་དུས་ཡུན་ཉིན26ནས28ཡིན། བྱ་ཕྲུག་ནར་སོན་སྔ་ལ་ཚེ་ཐག་ལོ20ལ་སླེབས་ཐུབ། 

བྱ་ཝང་སྔོན་པོ་ནི2021ལོའི་ཟླ2པའི་ཚེས5ཉིན་ཀྲུང་གོའི《རྒྱལ་ཁབ་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས》ཀྱི་མིང་ཐོའི་ཁྲོད་ཀྱི་རིམ་པ་གཉིས་པར་ཚུད་པ་དང་། མཛེས་པའི་སྒྲོ་མདོག་དང་སྒེག་པའི་ཉམས་འགྱུར་ལ་ལྟད་མོའི་རིན་ཐང་ངེས་ཅན་ཡོད། ལོ་རྒྱུས་སུ་བཀོད་པ་ལྟར་ན། ཀྲུང་གོའི་ཉིང་ཞ་ནི་སྔོན་ཆད་རི་དྭགས་འདབ་ཆགས་སྣ་ཚོགས་ཧ་ཅང་འཕེལ་བའི་ས་ཆ་ཞིག་ཡིན་ལ། ཐང་རྒྱལ་རབས་ཀྱི་ཁའེ་ཡོན་ཁྲི་ལོའི་སྐབས་སུ། བྱ་ཝང་སྔོན་པོ་ནི་ཉིང་ཞའི་རྟེན་འབུལ་དངོས་རྫས་ཤིག་ཡིན། 《གོང་མ་ཅ་ཆེན་སྐབས་ཀྱི་ཉིང་ཞའི་ལོ་རྒྱུས་གསར་མའི》ཁྲོད་དུ་ཐོག་དང་པོར་བྱ་ཝང་སྔོན་པོའི་སྐོར་བཀོད་ཡོད་པས། དེས་འདབ་ཆགས་དཀོན་གྲས་འདི་ལ་ཧོ་ལན་རི་བོ་རུ་ཉུང་མཐར་ཡང་ལོ500ཡི་འཚོ་གནས་ལོ་རྒྱུས་ཡོད་པ་གསལ་བཤད་བྱས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号