མཚོ་སྔོན་པོ།

མཚོ་སྔོན་པོ་ལ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ཞེས་ཀྱང་འབོད་ལ། རྒྱ་དང་སོག་པོའི་སྐད་དུའང་དེ་ལ་འབོད་སྟངས་སྣ་ཚོགས་མཆིས། དེ་ལས་རྒྱ་ཡིག་ཏུ“མཚོ་སྔོན”ཞེས་པའི་མིང་གི་སྐད་དོད་དེ་ཐོག་མར་བྱུང་བ་ནི་ཝེ་བྱང་མའི་དུས་ཀྱི《ཆུའི་བསྟན་བཅོས་ཀྱི་འགྲེལ་བ》ཞེས་པའི་ཡིག་ཚང་དེ་ཡིན་ལ། ཆིང་རྒྱལ་རབས་སྐབས་ཀྱི《མཚོ་སྔོན་ལོ་རྒྱུས་བསྡུས་པ》ཞེས་པར“མཚོ་སྔོན་པོའི་མིང་གི་ཟུར་བླངས”ཏེ་ཆུ་མིང་ས་མིང་ཐོགས་ཚུལ་དངོས་སུ་བྱུང་ཡོད།

མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ནང་ཁུལ་གྱི་མཚེའུ་རྒྱ་ཆེ་ཤོས་དེ་ཡིན་ལ། རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་དེའང་ཡིན། དེ་བས་མཚོ་སྔོན་པོ་ནི་རང་བྱུང་ཁམས་ཆེན་མོས་མཚོ་བོད་མཐོ་སྒང་ལ་བཞག་པའི་གཡུ་ཡི་མེ་ལོང་ཞིག་ཡིན་པར་བརྗོད་ཆོག་ལ། མཚོ་སྔོན་པོ་ནི་སའི་གོ་ལའི་སྟེང་ལ་ཐིགས་པའི་མིག་ཆུ་རྡོག་གཅིག་ཡིན་པར་བརྗོད་མཁན་ཡང་ཡོད། མཚོ་སྔོན་པོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4688ཙམ་ཡོད་ལ། གྲགས་ཆེ་བའི་ཐའེ་ཧུའུ་མཚེའུ་ལས་ཀྱང་ལྡབ་གཅིག་ལྷག་གིས་ཆེ། མཚོ་སྔོན་པོའི་ཤར་ནུབ་ལ་སྤྱི་ལེ109དང་ལྷོ་བྱང་ལ་སྤྱི་ལེ65ཡོད། མཐའ་འཁོར་ལ་སྤྱི་ལེ360ཡོད། མཚོ་སྔོན་པོའི་མཚོ་ངོས་ལས་མཐོ་ཚད་སྨི3260ཡིན་ལ། ཆ་སྙོམས་ཀྱི་གཏིང་ཚད་ལ་སྨི21ཡོད། གཏིང་ཚད་ཆེས་ཟབ་སར་སྨི32.8དང་ཆུའི་བོངས་ཚད་ནི་སྨི་ལྷམ་པ་དུང་ཕྱུར1050ལ་སླེབས། 2005ལོར། 《ཀྲུང་གོ་རྒྱལ་ཁབ་ས་ཁམས》དུས་དེབ་ཀྱིས་མཚོ་སྔོན་པོ“རང་རྒྱལ་གྱི་ཆེས་མཛེས་པའི་མཚེའུ་ལྔ”ཡི་དང་པོར་བདམས།

མཚོ་སྔོན་པོའི་མཚོ་དར་ལྷུང་ཚུལ་དེ་ནི་ཐུན་མོང་མ་ཡིན་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་ཏེ། ལོ་རེའི་ཟླ་བཞི་པར་མཚོ་བོད་མཐོ་སྒང་ལ་དཔྱིད་རླུང་ལྡང་སྟེ། ཚེ་སྲོག་མང་པོར་སྲོག་དབུགས་སད་པའི་མགོ་རྩོམ་པ་ཡིན་ལ། འཁྱགས་དར་གྱིས་བསྡམས་པའི་མཚོ་སྔོན་པོའི་དར་ཁ་ཕྱེ་བའི་མགོ་ཡང་རྩོམ་པ་ཡིན། སྣང་ཚུལ་དེ་ལ་ཞི་དྲག་གཉིས་སུ་དབྱེ་ཚེ། དཔྱིད་རླུང་དྲོན་མོས་དར་ཁ་དལ་གྱིས་འབྱེད་དུས་ཞི་བའི་ངང་ཚུལ་ལྡན་ལ། དུས་རླུང་དྲག་པོས་ཞག་མ་གཅིག་གི་ཡུན་ལ་མཚོ་དར་གསིལ་བའི་ཚེ་ན་དྲག་པོའི་ཉམས་དང་ལྡན། གང་ལྟར་མཚོ་སྔོན་པོའི་མཚོ་དར་ལྷུང་སྟེ་གཡུ་མདོག་གི་མཚོ་ངོགས་ག་ལེར་མངོན་པའི་ཚེ་ན། སྨུག་པ་ཟ་ཟི་ལྡང་སྟེ་སྣང་ཡུལ་ཀུན་ལ་རབ་རིབ་ཀྱི་མཛེས་ཉམས་ཤིག་མཐོང་ལ། སྨུག་པ་དྭངས་ཚེ་མཐོང་སྣང་གཡུ་མདོག་གིས་བཀྲམ་སྟེ་མུ་མཐའ་བྲལ་བ་ཞིག་མངོན། དགུན་ཉི་ལྡོག་བྱུང་སྟེ་དགུ་གསུམ་པ་ཟུག་དུས། གྲང་རླུང་ལྡང་ཞིང་ཁ་བ་འབབ། དགུན་དུས་ཀྱི་མཚོ་སྔོན་པོའི་ཁོ་ར་ཁོར་ཡུག་དང་བཅས་པ་གངས་དཀར་གྱིས་གཡོགས་ཏེ་གཙང་ཞིང་དྲི་མ་བྲལ་བ་ཞིག་ཏུ་སྣང་ལ། མཚོ་བོད་མཐོ་སྒང་ལ་གདོད་མའི་སྣང་ཉམས་ཤིག་ཤར་ཏེ་ཡོད་ཚད་ལྷིང་འཇགས་ཀྱི་ངང་དུ་གནས་ཤིང་། སང་ལོའི་དཔྱིད་རླུང་ལྡང་བར་སྒུག་པ་ཡིན།

མཚོ་སྔོན་པོའི་ན་འདམ་གྱི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་ལ་ལེགས་བཅོས་བྱུང་བ་དང་བསྟུན་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་བྱ་རིགས་ཆེས་ཆེར་འཕེལ་ཏེ་རིགས་སྣ235ཙམ་ཡོད་ལ། ཆུ་བྱའི་རིགས་སྣའང100ལྷག་ལ་འཕེལ་ཡོད། མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་བྱ་རིགས་ཁྲི60ལྷག་ལ་སླེབས་པས། མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི“འདབ་ཆགས་ཀྱི་དག་ཞིང”དུ་བསྙད་ཆོག་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号