མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་སྲོལ་ཡིག་ཐོག་མ་ཁྱབ་སྒྲོག་བྱས་པ།


ཉེ་ཆར། མཚོ་བྱང་ཁུལ་གྱིས《མཚོ་བྱང་བོད་རིགས་རང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཅེས་བརྗོད་རྒྱུ)གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྲོལ་ཡིག་ཐོག་མ་དངོས་སུ་བཏོན་པ་མཚོན། 《སྲོལ་ཡིག》ནང་ཁྲིམས་སྐྱོང་ལ་བརྟེན་ནས་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་བྱ་བ་གཞོགས་འདེགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

《སྲོལ་ཡིག》དེ་ཁྱོན་ལེའུ་དགུ་དང་དོན་ཚན་ང་བརྒྱད་ཀྱིས་གྲུབ་ཅིང་། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་དང་ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། སྐྱེ་ཁམས་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ལྟ་སྐུལ་ཞིབ་བཤེར། བཅའ་ཁྲིམས་ཀྱི་འགན་འཁྲི། ལག་བསྟར་དུས་ཚོད་སོགས་ཀྱི་ནང་དོན་ཁག་སོ་སོ་གཏན་འབེབས་བྱས་ཡོད། མཚོ་བྱང་ཁུལ་ནི་མདོ་ལ་རི་བོའི་ལྷོ་འདབས་དང་། མཚོ་སྔོན་པོའི་བྱང་ངོགས་སུ་གནས་ཤིང་། རི་བོ་དང་། ཆུ་བོ། ནགས་ཚལ། རྩྭ་ཐང་། མཚེའུ། འདམ་ར། འཁྱགས་ཀླུང་། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་ཅིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མེད་དུ་མི་རུང་བ་ཞིག་ཡིན་ལ།  མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་རེད། 《སྲོལ་ཡིག》ནང་མཚོ་བྱང་ཁུལ་གྱི་ས་ཁོངས་ཁྱད་ཆོས་ལ་དམིགས་ནས་གནད་འཁེལ་ཇུས་འདོན་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་མེད་པའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཤུགས་སྣོན་དང་། གནོད་འཚེ་ཕོག་པའི་སྐྱེ་ཁམས་མ་ལག་སླར་གསོར་སྐུལ་འདེད་བཅས་གཏོང་བའི་བསམ་ཕྱོགས་གཞིར་བཟུང་། སྲུང་སྐྱོབ་དང་ཉམས་གསོ་ཐད་འབྲེལ་ཡོད་བླང་བྱ་བཏོན་ནས་མཚོ་བྱང་གི་སྐྱེ་ཁམས་རིན་ཐང་གང་ལེགས་མངོན།

དེ་དང་དུས་མཚུངས《སྲོལ་ཡིག》དེས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཕེལ་རྒྱས་འཐབ་ཇུས་ཀྱི་རྗེས་སུ་འབྲངས་ནས་རི་ཆུ་ནགས་གསུམ་དང་། ཞིང་ལས། མཚེའུ། རྩྭ་ཐང་། བྱེ་ཀླུང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་ཅིག་འཐུས་ཚང་དུ་བཏང་སྟེ། ནགས་ཚལ་དང་། རྩྭ་ཐང་། ཆུའི་སྐྱེ་ཁམས་མ་ལག་སོགས་ཀྱི་སྤུས་ཚད་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བཅས་ལ་དམིགས་ནས་ཉམས་གསོ་དགོས་པའི་བླང་བྱ་བཏོན་ཡོད། དོན་དངོས་ལ་སྦྱར་ནས“ཐིག་གསུམ་ཆིག་རྐྱང”དང་། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོབ། སྐྱེ་ཁམས་སྲུང་སྐྱོབ་ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་གཏན་འབེབས་ཁ་གསལ་བྱས་ཡོད།

གཞན་ཡང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་གཞན་དག་གི་སྲོལ་ཡིག་དང་མི་འདྲ་བར《སྲོལ་ཡིག》དེས“ཉམས་གསོའི”བྱ་བར་གཟེངས་སུ་དོད་ཅིང་།  ཁུལ་དེའི་རང་བྱུང་སྐྱེ་ཁམས་ཀྱི་ལེགས་ཆ་དང་འབྲེལ་ཏེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དང་། ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཆུ་མཚེའུ། འཁྱགས་རོམ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་དོན་ནན་བཤད་བྱས་ཡོད། དུས་མཚུངས་སྐྱེ་ཁམས་ཀྱི་གནོད་འཚེ་མི་འདྲ་བར་དམིགས་ཏེ། མུ་རི་གཏེར་ཁུལ་དང་། མདོ་ལ་རི་བོའི་ལྷོ་ངོས་ཀྱི་མཚོ་སྔོན་ཡུག་ཁུལ་མཚོ་བྱང་མཚམས་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་།  སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བྱེད་ནུས་མཐོར་འདེགས་ཀྱི་ནང་དོན་ཁྲོད་ཉམས་གསོའི་ནང་དོན་ཁ་བསྣན་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཁྲོད་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ནང་དོན་ཁ་སྣོན་བརྒྱབ་ཡོད། དེ་བཞིན་ཐཱན་འདུས་དཔལ་འབྱོར་གོང་སྤེལ་དང་། དེང་རབས་ཅན་དུ་འགྱུར་བའི་བཅོས་སྐྱོང་མ་ལག་འཛུགས་པའི་ཁྲོད་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནང་དོན་ཁ་སྣོན་བརྒྱབ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号