ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ལ་མཇལ་འཕྲད་གནང་།

     

     ཟླ8པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་པེ་ཅིང་དུ་བསྐྱོད་དེ་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ལ་མཇལ་འཕྲད་གནང་། སྡེ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ་ཝང་ཅེ་ཀྲི་ཡིས་གཙོ་སྐྱོང་གནང་ནས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་དང་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་བཞུགས་མོལ་ཚོགས་འདུ་འཚོགས།  

     བཞུགས་མོལ་ཚོགས་འདུའི་ཐོག ཀྲང་ཧྲིང་ཡོན་གྱིས་འཚམས་འདྲིར་ཕེབས་པའི་དམིགས་ཡུལ་ངོ་སྤྲོད་བྱས་ཤིང་། མཚོ་བྱང་ཁུལ་གྱི་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་བཤམས་ཁང་དང་འགྲེམས་སྟོན་བཀོད་སྒྲིག རྗེས་དྲན་ཚོམས་ཆེན་སྐྲུན་ཚུན་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་པ་དང་། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་། ཐོག་མཐའ་བར་གསུམ་དུ“ཕ་ཡུལ”གྱི་རིགས་སོ་སོའི་མང་ཚོགས་སེམས་ལ་བཟུང་སྟེ། རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ཐད་སྒེར་སེམས་མེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས།

     ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་ཏང་སྲིད་འཐུས་ཚབ་ཚོགས་པའི་ཚབ་བྱས་ནས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ལ་ཡང་བསྐྱར་ཐུགས་རྗེ་ཆེ་དང་སྨོན་འདུན་བཟང་པོ་ཞུས་ནས་སྙིང་སྟོབས་རྒྱུན་འཛིན་ལ་ཤུགས་སྣོན་པ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རེ་བ་བཏོན་པ་སྟེ།  གཅིག་ནས་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་། སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན། གསར་བརྗེའི་གསོ་སྦྱོང་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་མཚོ་བྱང་ཁུལ་ལ་མཛུབ་ཁྲིད་བྱས་ནས་གསར་བརྗེའི་སློབ་གསོའི་ཆས་རྟགས་གཏོད་དགོས། གཉིས་ནས་དངོས་ལྗོངས་ཉམས་ལེན་དང་དཔེ་དབྱིབས་བཟོ་བ་སོགས་ཀྱི་ཐད་རིག་ནུས་འདེགས་སྐྱོར་དང་ཆེད་ལས་མཛུབ་ཁྲིད་བྱེད་དགོས། གསུམ་ནས་མཚོ་བྱང་གི་ཆུ་གློག་དང་རླུང་གློག འོད་ཤུགས། ས་འོག་ཚ་ནུས་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་ཐད་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བསྣན་ནས་མཚོ་བྱང་གི་ནུས་རྒྱུ་གཙང་མའི་ཐོན་ལས་ཆན་ཝ་ཁྲི་སྟོང་གི་དམིགས་འབེན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། བཞི་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་གསར་བརྗེའི་སློབ་གསོ་གསོ་སྦྱོང་བྱེད་པའི་ཐད་མཉམ་ལས་དང་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་བཤད།    

     ཝང་ཅེ་ཀྲི་ཡིས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་ལ།    ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་དང་མཚོ་བྱང་ཁུལ་ལ་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་ལྡན་ཡོད་ཅིང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་རང་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལེགས་ཆ་གསབ་རེས་དང་མཉམ་སྐྲུན་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཏེ། གཅིག་ནས་གལ་ཆེའི་དུས་མཚམས་ལ་བརྟེན་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ལོ་རྒྱུས་ཀྱི་ཡིག་ཆ་དང་ལོ་རྒྱུས་ཀྱི་དོན་དངོས་དཔྱད་ཡིག་འཚོལ་བསྡུ་བྱས་ཏེ་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་སྤེལ་ཏེ་དྲིལ་སྒྲོག་གི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཉིས་ནས་གསར་བརྗེའི་ཐོན་ཁུངས་སླར་གསོ་དང་བེད་སྤྱོད་གང་ལེགས་བྱས་ཏེ། རིག་གཞུང་ཞིབ་འཇུག་དང་ཏང་ཡོན་གསོ་སྦྱོང་སོགས་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་གཏིང་ཟབ་བྱས་ཏེ། ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ལམ་སྲོལ་འཛུགས་དགོས། གསུམ་ནས་སྡེ་ཚོགས་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་རླུང་གློག་དང་ཆུ་གློག འོད་ཤུགས། ས་འོག་ཚ་ནུས་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་རང་བརྟེན་ནུས་པ་ཆེ་རུ་བཏང་སྟེ་ཕྱོགས་གཉིས་མཉམ་རྒྱལ་ཡོང་བར་བྱེད་དགོས་པར་བཤད།  

     ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཕྱོགས་བསྡུས་པུའི་ཀྲུའུ་རིན་གཞོན་པ་ཝང་པོ་དང་། ཚན་རྩལ་སྤུས་ཚད་དང་ཆ་འཕྲིན་ཅན་པུའི་ཀྲུའུ་རིན་དབྱིན་ཝེ་ཕིང་། གཉེར་སྐྱོང་དོ་དམ་པུའི་ཀྲུའུ་རིན་གཞོན་པ་ཡུས་ཝེ་ཚའེ། མི་ཤུགས་ཐོན་ཁུངས་པུའི་སྤྱི་ཁྱབ་ཧྲིའམ་ཀྲུའུ་རིན་གཞོན་པ་ལི་ཁྲང་དབྱི། ཐོན་ལས་གསར་སྤེལ་དང་རྒྱལ་སྤྱིའི་མཉམ་ལས་པུའི་ཀྲུའུ་རིན་གཞོན་པ་ཀའོ་ཅིན་ཅང་། ཏང་དམངས་ལས་དོན་པུའི་ཀྲུའུ་རིན་གཞོན་པ་ཞའོ་པོ། སྤྱི་ཚོགས་ལས་དོན་པུའི་ཀྲུའུ་རིན་ཧུའུ་ཡའོ་ཧྥང་། གཉིས་གཉིས་གཅིག་ལས་འཁྱུར་ངལ་གསོ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ལི་ཞིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སངས་འབུམ། ཚོ་ཅི་ཆང་། དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号