ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ6པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུ་ཐེངས69པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུའི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་བསྟན་དོན། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བའི་འགག་རྩའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཚོ་སྔོན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་ཁྲིད་གནང་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་སེམས་ཟབ་མོས་ཐུགས་ཁུར་གནང་པ་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་དམིགས་བསལ་ཐུགས་ཁུར་གནང་པ། མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཚོགས་འདུའི་ཐོག་གནང་པའི་གསུང་བཤད་གལ་ཆེན་གྱི་ནང་སྙིང་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས"གཏན་འཁེལ་གཉིས"བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྤྱིའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་པ། ནན་ཏན་གྱིས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། ཏན་ཏན་ཏིག་ཏིག་གིས་སྒྲུབ་པ། བྱེད་ཐབས་ཞིབ་ཕྲ་དམ་འཛིན་བཅས་བྱས་ཏེ། གསུང་བཤད་ཀྱི་དགོངས་དོན་དེ་མཚོ་བྱང་ས་གཞི་ཆེན་པོར་ཁྱོན་ཡོངས་ནས་དོན་འཁྱོལ་ཧུར་ཐག་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁུལ་ཨུའི"243"གྱི་འཕེལ་རྒྱས་བཀོད་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གནས་བབ་གསར་བ་དང་དམིགས་ཚད་གསར་བ། བླང་བྱ་གསར་བ་བཅས་ལ་བསམ་གཞིག་གཏིང་ཟབ་བྱས་ནས་དེའི་ནང་སྙིང་གཏིང་ཟབ་ངང་ཁོང་དུ་ཆུད་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། མཚོ་བྱང་གི་ཐོན་ཁུངས་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་རྐང་བཙུགས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་ལས་གསལ་བོ་བཟོ་བ་དང་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་པ། འཕེལ་རྒྱས་གཏོང་ཐབས་གསར་གཏོད་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་རྒྱུར་ཤུགས་སྣོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཐད་གནང་པའི་མཛུབ་སྟོན་གལ་ཆེན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། བསམ་གཞིགས་གཏིང་ཟབ་དང་བྱེད་ཐབས་གསར་གཏོད། རྨང་གཞི་བརྟན་པོ་འདིང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་དོན་གཉེར་བྱེད་དགོས། ཇུས་འགོད་གཏིང་ཟབ་དང་གནད་འཁེལ་ལ་ཤུགས་སྣོན་པ། འབེན་ཕྱོགས་སྲིད་ཇུས་ལག་བསྟར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་དང་སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་བ་གཅིག་གྱུར་གྱིས་ལེགས་པར་སྒྲུབ་པའི་ཐད་ཕན་འབྲས་ཐོན་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཟེར། 

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པ་གཙོ་སྐྱོང་བྱེད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། མཐོ་རུ་གཏོང་པའི་འགུལ་སྐྱོད་ཆེན་པོ་ལྔ་གཏིང་ཟབ་ཏུ་བཏང་ནས"12+N"གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་ཧྲན་ཏུང་གིས་ཁ་གཏད་རོགས་སྐྲུན་དང་ཤར་ནུབ་རོགས་ལས། མཐའ་འཁོར་གྲོང་ཁྱེར་གྱི་མཉམ་ལས་ལ་བརྟེན་ནས་ཞིང་ཆེན་དང་ས་ཚིགས་ལས་བརྒལ་ནས་གཞི་ཁྱོན་ཅན་གྱི་ངལ་ནུས་རོགས་ལས་ལ་སྐུལ་འདེད་གཏོང་དགོས། ཁུལ་རིམ་པའི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རང་ཡུལ་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་ཏེ། ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་དང་ལས་ཞུགས་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་པའི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་པ་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འཕེལ་རྒྱས་དང་། ལས་ཞུགས་བརྟན་ལྷིང་། དཔལ་འབྱོར་འཕར་སྣོན་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཡོང་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ་བུ"འཛུགས་སྐྲུན་སྔར་ལས་ཡག་པོ་བྱ་རྒྱུའི་ཐད་གནང་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། འགྲིམ་འགྲུལ་མཉམ་འདྲེས་ཀྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་དམ་འཛིན་བྱས་ནས། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་པ་དང་བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་ལས་གཞི་དོན་འཁྱོལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས"ལམ་དཔོན་ལམ་ལུགས"དྲ་མིག་ཅན་གྱི་དོ་དམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་པ། "ལམ་དཔོན་ལམ་ལུགས"ཀྱི་ཡོངས་བསྒྲགས་བྱང་བུ་འཐུས་ཚང་དུ་ཧུར་ཐག་གཏོང་པ། འཇུ་ལག་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་བཅས་ཀྱིས་རྒྱལ་ཁབ་རིམ་པའི་ཚད་གཞི་དང་བསྡུར་ནས་གསར་སྐྲུན་བྱས་ཏེ་རྒྱལ་ཁབ་རིམ་པའི"བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ་བུའི"དཔེ་སྟོན་རྫོང་དུ་འགྱུར་བར་བརྩོན་ལེན་བྱེད་པ། "བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ་བུ"དེ་རིགས་སོ་སོའི་མང་ཚོགས་ཀྱི་སྒོ་འགྲམ་གྱི་ཕྱུག་འགྱུར་ལམ་བུ་དང་བདེ་སྐྱིད་ལམ་བུ། སེམས་སྦྲེལ་ལམ་བུ། དར་རྒྱས་ལམ་བུ་བཅས་སུ་དངོས་སུ་འགྱུར་བར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་འགོག་བྱ་བའི་ཐད་གནང་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་པ་དང"དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི"འགན་འཁྲིའི་བསམ་པའི་ཐོག་ནས་འབྲུབ་འགོག་ཐན་འགོག་བྱ་བའི་འགན་འཁྲིའི་སྦྲེལ་ཐག་དམ་པོར་བཟུང་སྟེ"སྔོན་འགོག་དང་རང་འགན་རང་འཁུར། རང་ནུས་གང་ཡོད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་བདེ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཏང་གིས་སྤྱི་བདེ་བྱ་བའི་མགོ་ཁྲིད་གཙང་བཙན་དང་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས། འགུལ་རྣམ་གྲལ་བཤེར་དང་དོགས་ཟོན་སེལ་བ། ཉེན་ཁར་དཔྱད་དཔོག་དང་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་དགོས། ཏང་ལ་དོ་དམ་ནན་མོ་དང་། ཉེན་རྟོག་པ་སྐྱོང་པའི་འགན་འཁྲི་ནན་དུ་གཏོང་པ་དང་དུས་རབས་གསར་བའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི"གཏན་འགོག་བཅུ"སོགས་བཀག་རྒྱ་ལག་བསྟར་ནན་མོ་བྱས་ཏེ། དམངས་ཆེད་སྲིད་བརྩོན་དང་སྤྱོད་གཙང་གཞུང་དྲང་གི་སྣང་བརྙན་བཟང་པོ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཉེན་རྟོག་པར་གཟིགས་སྐྱོང་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཉེན་རྟོག་པར་གཟིགས་སྐྱོང་ཡག་པོ་བྱེད་པའི་སྲིད་ཇུས་དང་བྱ་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། རུ་དཔུང་གི་འཐབ་ནུས་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་སྔོན་པོའི་མཐའ་འཁོར་དུ་གནས་སྡོད་བརྟག་ཞིབ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྱོང་གི་ཆེད་དོན་ཚོགས་འདུ་དང་གནས་སྡོད་བརྟག་ཞིབ་བྱ་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། སྲུང་སྐྱོབ་ཆེན་མོ་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་མོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཉམས་ལེན་ས་ཚིགས6གི་ཁོར་ཡུག་སྲུང་སྐྱོབ་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་མོ་བྱེད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་དཔུང་ཁག་བེད་སྤྱོད་ཡག་པོ་དང་དོ་དམ་ཡག་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གི་མཐའ་ཚད་བརྟན་པོ་སྲུང་དགོས། སྐྱེ་ཁམས་ཉམས་ལེན་ས་ཚིགས6གི་ཡིག་ཚགས་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་པ་དང་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་ཉམས་ཞིབ། ལྕགས་རྟའི་ཡུལ་སྐོར་སྤྲོ་གསེང་། པར་ལེན་ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ལས་རྣམ་གསར་བ་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་མཚོ་སྐོར་མང་ཚོགས་ལ"སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ"ཐོབ་པར་བྱེད་དགོས། མཚོ་སྔོན་པོའི་འགྲམ་དང་རྒྱལ་ལམ315། མཚོ་སྐོར་གཞུང་ལམ་བཅས་ཀྱི་གཞོགས་གཉིས་སུ་སྒེར་གྱིས་བགྲོད་ལམ་འཛུགས་པ་དང་གང་བྱུང་དུ་སྒེར་གྱིས་འཛུགས་སྐྲུན་བྱེད་པ། རྩྭ་ཐང་གཏོར་བརླག་གཏོང་པ་སོགས་ཀྱི་སྣང་ཚུལ་རྒྱུན་ལྡན་ཅན་དུ་རྩད་ཞིབ་དང་བཅོས་སྐྱོང་བྱེད་པ། རྩྭ་ཐང་རིས་ཁྲ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་པ། མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་པ་བཅས་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号