མདའ་བཞི་ས་ཆའི་ཆང་བཤད།

ཡ། ད་ངས་ཉི་ཤར་གྱི་རྩེ་མོ།ནས་འབྲུ་སྔོན་མོའི་ཉིང་ཁུ།བདག་གཞི་མགྲོན་གཉིས་ཀྱི་གཞི་མ། གླུ་ཀུ་རེ་གཉིས་ཀྱི་སྒོ་འབྱེད།ནང་བདུད་རྩི་འདིར་བཤད་པ་ལན་གསུམ་རེ་བརྗོད་ན།

ངས་ལག་གི་བདུད་རྩི་ཆང་དཀར་འདིའི། ཁ་ན་མི་འཇིག་གཡང་དྲུང་ཡོད། ཞབས་ན་པད་མ་འདབ་བརྒྱད་ཡོད། ནང་ན་བདུད་རྩི་བསིལ་མ་ཡོད། བདག་གཞི་མགྲོན་གཉིས་ཀྱི་གསོལ་སྐལ་ཡིན་ཟེར་རྒྱུ།

ཡ། ད་ངས་བདུད་རྩི་ཆང་འདིའི་བྱུང་སྲོལ་ཞིག་བཤད་ན། སྔོན་བསྐལ་བ་དང་པོའི་དུས་སྐབས་སུ། མི་མགོ་ནག་རྣམས་ཀྱིས་ནས་འབྲུ་བཙལ། དུས་དང་པོ་ལྷ་ཡུལ་ཁམས་ལ་བཙལ། དེའི་འཕྲོ་ནས་འཇིག་རྟེན་ཁམས་ལ་བཙལ། དུས་མཐའ་མར་ཀླུ་ཡུལ་ཁམས་ནས་རྙེད། ས་དོག་མོ་དྲོད་ཀྱིས་དྲོས་དུས་སུ། ཆུ་གཙང་བོའི་ཆབ་རོམ་ཞི་དུས་སུ། ཞིང་ལུད་རྫས་སྨན་ཆུ་དཀྱོལ་དཀྱོལ་བྱས། ནས་སོན་བཟང་ཆར་བ་འབབ་འབབ་བྱས། ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས། ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས། ཟོར་གོར་མེས་ཐང་མ་སྡུད་སྡུད་བྱས། ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིག ལག་ལས་ཀ་ཅན་གྱི་མ་སྲུ་ཚོས། ཟངས་སེར་བོའི་མཁར་ཟངས་གོར་མོའི་ནང་། ཆུ་གཙང་བོ་བླུགས་ནས་དག་འཁྲུད་བྱས། ཤིང་འབྲི་ཤུག་བདུགས་ནས་དག་གཙང་བྱས། ཐབ་གྲུ་བཞིའི་གསེར་ཁྲིའི་སྟེང་དུ་བསྐྱོན། ནས་སྔོན་མོ་བླུགས་ནས་རླངས་བཙོས་བྱས། སྟོད་རྒྱ་གར་ཡུལ་གྱི་སྨན་རྩི་བསྲེས། སྨད་རྒྱ་ནག་ཡུལ་གྱི་ཆང་བཅུད་བསྲེས། ཁྱོན་ཡོངས་པའི་གཡུ་རྫ་མདོངས་མོར་བསྙལ། ལོ་ལ་བསྙལ་བའི་ལོ་ཆང་བཙགས། ཟླ་ལ་བསྙལ་བའི་ཟླ་ཆང་བཙགས། ཞག་ལ་བསྙལ་བའི་ཞག་ཆང་བཙགས། ཆང་འགོ་མའི་འགོ་མ་འབབ་དུས་ན། ཤིང་ཙན་དན་འདྲ་བའི་དྲི་ཞིམ་ཁྱབ། ཤེལ་དྭངས་མ་འདྲ་བའི་མདངས་ཞིག་ཤར། དེ་བླངས་ནས་ནམ་མཁའི་ལྷ་ལ་མཆོད། ལྷ་ཆོས་སྐྱོང་སྲུང་མས་མགོན་སྐྱོབ་བྱས། མི་མགོ་ནག་སྐྐྱིད་དོན་དེ་རེད་ཟེར། ཆང་བར་མའི་བར་མ་འབབ་དུས་སུ། ཟས་སྦྲང་རྩི་འདྲ་བའི་དྲི་ཞིམ་ཁྱབ། གཡུ་དྭངས་མ་འདྲ་བའི་མདངས་ཞིག་ཤར། དེ་བླངས་ནས་གཉན་པོ་བཙན་ལ་མཆོད། བཙན་གཉན་པོ་དགྱེས་ནས་སྡོངས་གྲོགས་མཛད། མི་མགོ་ནག་བཙན་དོན་དེ་རེད་ཟེར། ཆང་གཞུག་མའི་གཞུག་མ་འབབ་དུས་སུ། ཟས་བུ་རམ་འདྲ་བའི་དྲི་ཞིམ་ཁྱབ། ཆུ་དྭངས་མ་འདྲ་བའི་མདངས་ཤིག་ཤར། དེ་བླངས་ནས་ས་འོག་ཀླུ་ལ་མཆོད། ཀླུ་གདེངས་ཅན་དགྱེས་ནས་ཕྱྭ་གཡང་གནང་། མི་མགོ་ནག་ཕྱུག་དོན་དེ་རེད་ཟེར། ཆང་བྱུང་སྲོལ་བཤད་ན་དེ་འདྲ་རེད་ཟེར་རྒྱུ།

ཡ། ད་ངས་བདུད་རྩི་འདིའི་ཆེ་བ་རྣམ་གསུམ་བརྗོད་ན། འདི་ལོ་ལ་བསྙལ་བའི་ལོ་ཆང་ཡིན། ལོ་ཆང་བདུད་རྩི་ཁམ་པ་ཡིན། ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། ཟླ་ཆང་བདུད་རྩི་བསིལ་མ་ཡིན། ཞག་ལ་བསྙལ་བའི་ཞག་ཆང་ཡིན། ཞག་ཆང་བདུད་རྩི་འཁྱིལ་བ་ཡིན། གངས་ཅན་ཡུལ་གྱི་ནས་བཅུད་ཡིན། འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། གེ་སར་རྒྱལ་པོའི་གསོལ་ཆང་ཡིན། སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། ཆེན་རྒན་པ་བཀུར་བའི་འབུལ་ཆང་ཡིན། མགྲོན་ཚུར་ཡོང་རྣམས་ཀྱི་བསུ་ཆང་ཡིན། མགྲོན་ཕར་འགྲོ་རྣམས་ཀྱི་རྫོང་བ་ཡིན། གྲོགས་བློ་མཐུན་སྒྲིག་པའི་བར་བ་ཡིན། གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན། གླུ་རྩེ་རིག་གཉིས་ཀྱི་སྒོ་འབྱེད་ཡིན། ཐག་ཉེ་རིང་མེད་པའི་གྲོགས་པོ་ཡིན། ཚ་ནད་དུག་འཇོམས་པའི་གཉེན་པོ་ཡིན། སྐྱིད་མི་ལ་རེ་བའི་རྔན་པ་ཡིན། གཉེན་ཉེ་བོ་བསྒྲིགས་པའི་ཉེ་རྟགས་ཡིན། སྨན་བཟང་བོ་བསྡེབས་པའི་གྲུབ་ཆ་ཡིན། སྐྱིད་གནམ་ལོ་གསར་བའི་ཚེས་ཆང་ཡིན། སྒོས་རྟགས་དང་སྟོན་མོའི་རྒྱན་ཆ་ཡིན། ཉིན་དེ་རིང་མགྲོན་པོའི་གསོལ་ཆང་ཡིན་ཟེར་རྒྱུ།

ཡ། ད་ངས་ཆང་འདིའི་བཟང་ཆ་རྣམ་གསུམ་རེ་བརྗོད་ན། སྟེང་ལྷ་ལ་མཆོད་ན་མགོན་སྐྱབས་གནང་། བར་བཙན་ལ་མཆོད་ན་སྡོངས་གྲོགས་མཛད། འོག་ཀླུ་ལ་མཆོད་ན་ཕྱྭ་གཡང་སྩོལ། ཕྱི་མགྲོན་པོར་མཆོད་ན་ཐུགས་དགོངས་དགྱེས། ནང་ཨ་ཁུར་དྲངས་ན་སེམས་ཁམས་སྐྱིད། ཕ་ཨ་ཁས་འཐུང་ན་དགྲ་ལྷ་འཁོར། སྟག་ཤ་རས་འཐུང་ན་ཁ་ལྕེ་བདེ། གླུ་ལེན་དུས་འཐུང་ན་སྐད་ངག་བདེ། སེམས་སྐྱིད་དུས་འཐུང་ན་ཚེ་ཐག་རིང་། ཡིད་སྐྱོ་དུས་འཐུང་ན་སྤྲོ་བ་འཕེལ། ཐང་ཆད་དུས་འཐུང་ན་ངལ་བ་སངས། བློ་དུབ་དུས་འཐུང་ན་རིག་པ་རྒྱས། ལུས་གྲང་དུས་འཐུང་ན་དྲོད་ཤ་རྒྱས། དགོང་ཉལ་ཁར་འཐུང་ན་གཉིད་ཀྱང་ཁུགས། ལམ་རིང་བོར་བརྒྱུད་དུས་འགྲོ་རོགས་ཉན། རང་གཅིག་པུ་ཡིན་དུས་འདུག་རོགས་ཉན། གྲོགས་བཟང་བོར་ཐུག་དུས་ལབ་རོགས་ཉན་ཟེར་རྒྱུ།

ཡ། ད་ངས་ཡོན་ཏན་བརྒྱ་དང་ལྡན་པའི་བདུད་རྩི་འདི། དང་པོར་ནམ་མཁའི་ལྷ་ལ་མཆོད། མགོ་ནག་མི་ལ་བདེ་སྐྱིད་འབྱུང་། བར་དུ་གཉན་པོ་བཙན་ལ་མཆོད། མགོ་ནག་མི་ལ་སྡོང་གྲོགས་བྱེད། དེ་ནས་གདེངས་ཅན་ཀླུ་ལ་མཆོད། མགོ་ནག་མི་ལ་ཕྱྭ་གཡང་གནང་། དེ་ནས་ཁྲོམ་པའི་གྲལ་ལ་འདྲེན། སྐྱིད་ལ་གླུ་ལེན་གར་རྩེ་བྱེད་ཟེར་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号