བ་ལུ་མའི་ཆུ་ཁོལ་ཞེས་པའི་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

རྐང་ཚའི་བ་ལུ་མ་ཞེས་པའི་གནས་འདི་ནི་དཔལ་དགེ་གྲོང་རྡལ་གྱི་ནུབ་བྱང་གི་མཚམས་སུ་ཚེ་ཐར་ཞེས་འབོད་པའི་ས་ཆ་ཞིག་ཡོད་ལ།  གནས་འདིའི་ནུབ་བྱང་གི་སྤྱི་ལེ་བཅུའི་མཚམས་སུ་ཡོད་པའི་རི་ཆུང་ཆུང་ཞིག་གི་མིང་སྟེ། རི་དེའི་ནུབ་ཕྱོགས་སུ་དབྱིབས་བ་མོ་དང་འདྲ་བའི་བྲག་རྡོ་ཆེ་ཆུང་གཉིས་ཡོད་ལ་དེ་ནི་བ་མ་བུ་གཉིས་ཡིན་ཞེས་བཤད་ཚུལ་ཡོད། ཅུང་ཆེ་བའི་འོག་ཏུ་བྲག་ཁུང་ཞིག་ཡོད་པ་དེའི་ནང་དུ་བ་ནུའི་དབྱིབས་དང་འདྲ་བའི་བྲག་འཛེར་དངོས་སུ་ལག་པས་རག་ཐུབ་པས་ས་གནས་མང་ཚོགས་ཀྱིས་དེ་ལ་བ་ལུ་མ་ཞེས་བཏགས། 

རི་ཆུང་ཆུང་དེའི་སྟེང་དང་མཐའ་འཁོར་དུ་ལྷོག་ལྷོག་འཁོལ་བའི་རང་བྱུང་ཆུ་མིག་རིགས་མི་འདྲ་བ་མང་པོ་ག་ས་གང་དུ་བརྡོལ་གྱིན་ཡོད་ལ། ཆུ་མིག་མང་ཆེ་ཤོས་ཚ་གྲངས་ཕལ་ཆེར་ཏུའུ་གྲངས་བདུན་བཅུ་ནས་བརྒྱད་བཅུ་བར་ཡིན་ཕྱིར། ས་གནས་མི་དམངས་མང་ཚོགས་ཀྱིས་གནས་འདི་ལ་བ་ལུ་མའི་ཆུ་ཁོལ་ཟེར་ཞིང་། རྗེས་སུ་རྒྱ་ཡིག་གིས་ཀྱང་ཐད་བསྒྱུར་བྱས་ཡོད།

གནའ་ནས་ད་བར་དུ་གནས་འདི་རྐང་ཚའི་གནས་མིང་གྲགས་ཅན་གྱི་གྲལ་དུ་བཞག་ཡོད་ལ། དེའི་རྒྱུ་མཚན་ནི་ངག་རྒྱུན་དུ་ས་སྐྱ་བ་ཀུན་དགའ་རྒྱལ་མཚན་ཁོང་སོག་རྒྱལ་གོ་དན་གྱིས་གདན་དྲངས་ནས་ལང་ཀྲུ་རུ་ཕེབས་སྐབས། གནས་འདི་ལ་ཞབས་ཀྱིས་བཅགས་ནས་བྱིན་གྱིས་རླབས་པར་མཛད་པས། མཐའ་འཁོར་གྱི་དད་ལྡན་མང་ཚོགས་ཀྱིས་ཆུ་ཁོལ་གྱི་ཆུ་མིག་ལ་བརྟེན་ནས་ནད་རིགས་སྣ་ཚོགས་སེལ་ཐུབ་པ་རྟོགས།  དུས་དེ་ནས་བཟུང་སྐྱེས་བུ་དམ་པ་གང་མང་གནས་འདིར་ཕེབས་ནས་ཆོས་གསུང་བ་དང་སྒྲུབས་སྦྱོང་བྱེད་པ་སོགས་ཀྱི་བཤད་རྒྱུན་ཡོད།

ལྷག་པར་དུ་རྐང་ཚའི་དཔོན་ཚང་ཞོལ་མ་སྡེ་བའི་ཨ་ཁུ་པདྨ་གྲགས་པ་སྐུ་ཕྲེང་སྔ་བ་དང་སྐབས་དེའི་དཔལ་དགེ་འཕྲོད་བསྟེན་ཁང་གི་སྨན་པ་མཁར་བྱམས་རྒྱལ་གཉིས1989ལོའི་ཟླ8པའི་ཚེས15ཉིན་གནས་འདིར་ཕེབས་ནས་ཆུ་མིག་ཡོངས་ལ་རབ་གནས་མཛད་དེ་གློ་ནད་ལ་ཕན་པའི་ཅུ་གང་ཆུ་མིག་དང་ཕོ་བ་ལ་ཕན་པའི་ཅོང་ཞི་ཆུ་མིག་གཉིས་ཐག་གཅོད་བྱས་ཟེར། དེ་མིན་ཨ་ཁུ་པདྨ་གྲགས་པས་མ་འོངས་བར་བཟང་དྲུག་གི་ཆུ་མིག་འབུད་རྒྱུ་རེད་ཅེས་གསུངས། ད་སྐབས་དངོས་སུ་ཆུ་མིག་མང་པོ་མཐོང་རྒྱུ་ཡོད་པར་མ་ཟད། དེ་དག་ལ་ལུམས་ཀྱིས་ཚུད་ཏུ་འདུག་ས་དང་། དབང་བོ་བཀྲུ་ས། འཐུང་ཆུ་སོགས་རིགས་མི་འདྲ་བའི་ཆུ་མིག་རེ་རེ་ལ་ཡང་སོ་སོའི་ཁྱད་ཆོས་ལྟར། ལ་ལ་ཆུ་འཁྱགས་སུ་ཡོད་པ་དང་ལ་ལ་ཆུ་ཁོལ་དུ་ཡོད།

ད་དུང་ཆུ་མིག་ལྷ་ཡི་ཀུན་དགའ་ར་བ་དང་བདུད་རྩི་ལྷ་ཆབ་འཁྱིལ་བ། ནད་འཇོམས་སྟོབས་འཕྲོག་ཆེན་མོ། གཏེར་ལུང་གྲུབ་ཆུ། བདུད་རྩི་ཆུ་ཡི་ཕུང་བོ། མཆིན་སྨན་ལྕགས་མོ་དགུ་འགྱུར། མཁྲིས་པའི་རྡོ་ཆུ། ཀུན་ཕན་བདུད་རྩིའི་རྒྱ་མཚོ། ས་ཡི་ལྷ་མོའི་བུམ་བཟང་། བདུད་རྩི་གཡང་མེར་སོགས་སོ་སོའི་ཕན་ནུས་དང་ཁྱད་ཆོས་ལ་སྦྱར་ཏེ་མིང་རེ་བཏགས་ཡོད་ལ།  གསར་དུ་རྙེད་པའི་ཆུ་མིག་མང་པོ་ཞིག་ལ་ད་དུང་མིང་དང་ཕན་ནུས་ངེས་བཟུང་མེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号