མཚོ་བྱང་ཁུལ་གྱིས་དུར་མཆོད་དུས་ཆེན་གྱི་རྗེས་དྲན་བྱེད་སྒོ་སྤེལ།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་བྱེད་སྒོར་ཞུགས།


   དུར་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། “མདེལ་གཉིས་སྐར་གཅིག”གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་ལྟ་བ་དང་།    “མདེལ་གཉིས་སྐར་གཅིག”གི་མི་རིགས་ཀྱི་དཔའ་བོ་དང་མི་དམངས་ཀྱི་དཔའ་བོར་རྗེས་དྲན་ཞུས་ནས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཟླ4བའི་ཚེས4ཉིན། མཚོ་བྱང་ཁུལ་གྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་རྗེས་དྲན་ཚོམས་ཆེན་དུ་དུར་མཆོད་དུས་ཆེན་གྱི་རྗེས་དྲན་མཛད་སྒོ་འཚོགས་ཏེ། ཀྲུང་གོའི་རྡུལ་ཕྲན་མཚོན་ཆའི་ལས་དོན་ཁྲོད་འདས་ཟིན་པའི་མི་དམངས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་ཏེ་ཚན་རིག་མཁས་ཅན་རྒན་རབས་པ་ཚོའི་བླ་ན་མེད་པའི་ཕུགས་བསམ་དད་སེམས་དང་རིན་ཐང་ལ་ཚོར་རྟོགས་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རུང་ཧུང་ཀྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་མཛད་སྒོར་སླེབས།

   སྔ་དྲོའི་ཆུ་ཚོད10དང་སྐར་མ30ཡི་ཐོག་མཛད་སྒོ་མགོ་བརྩམས། ཡུལ་དངོས་གཟབ་ནན་དང་སྒམ་བརླིང་ལྡན་ལ། ཚང་མ་གུས་སྟབས་ཀྱིས་འགྲེངས་ཤིང་ངག་བསྡམས་ཏེ་མྱ་ངན་ཞུས། མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་བོ་རྣམས་ཀྱི་རླབས་ཆེན་མཛད་རྗེས་ལ་དྲན་གསོ་ཞུས་ནས་ཁོང་ཚོར་བླ་མེད་ཀྱི་མྱ་ངན་དང་གུས་འདུད་ཞུས། བརྩེ་སེམས་ཟབ་མོའི《མེ་ཏོག་འབུལ་བའི་རོལ་དབྱངས》དང་འགྲོགས་ནས“མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་བོ་ཇི་སྲིད་བར་དུ་མི་ནུབ”ཅེས་པའི་གསེར་ཡིག་བྲིས་པའི་དྲན་གསོའི་ཚོམས་ཆེན་གྱི་བརྗོད་དོན་ལྡེབས་ངོས་སུ་ཀྲུང་གུང་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱིས་མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་མེ་ཏོག་ཕུལ་ནས་དྲན་གསོ་ཞུས། ཚང་མས་མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་གུས་འདུད་ཐེངས་གསུམ་ཞུས་ནས་མེ་ཏོག་ཕུལ་ཏེ་ཁོང་ཚོར་དད་སེམས་མཚོན་པར་བྱས།

   མཛད་སྒོའི་ཐོག ལས་སྒྲུབ་མི་སྣས་ད་དུང་དེ་སྔའི221རྟེན་གཞིའི་ལས་བཟོ་བ་རྒན་པས་རང་ཉིད་ཀྱི་ཕ་མར་བྲིས་པའི་འཕྲིན་ཡིག་ཅིག་སྒྲོག་འདོན་བྱས་པ་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིས་གཏམ་བཤད།

   ཐེངས་འདིའི་རྗེས་དྲན་བྱ་འགུལ་བརྒྱུད་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་མཛད་རྗེས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་བ་དང་། ངེས་པར་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་རྒྱུན་འཛིན་པ་དང་ལག་བསྟར་མཁན་ཞིག་བྱས་ཏེ་རྒྱལ་གཅེས་སྐྱེས་འབུལ་ཁྲོད་མི་དམངས་དང་མཉམ་དུ་འབད་འཐབ་དང་མེས་རྒྱལ་དང་མཉམ་དུ་མདུན་སྐྱོད་བྱ་རྒྱུ་ཡིན་པར་བཤད། 

   ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཅ་ཡོན་གྱིས་བཤད་རྒྱུར་དེ་རིང་ང་ཚོས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་རྗེས་དྲན་ཚོམས་ཆེན་དུ་རང་རྒྱལ་གྱི་རྡུལ་ཕྲན་བྱ་གཞག་ཁྲོད་འདས་པའི་དཔའ་བོ་དང་རྒན་རབས་པ་ཚོར་དྲན་གསོ་ཟབ་མོ་ཞུས་པ་ཡིན། ན་གཞོན་མི་དམངས་ཉེན་རྟོག་པ་ཞིག་གི་ངོས་ནས་བརྗོད་ན། དད་མོས་ཐད་ཏང་ལ་བློ་བརྟན་འགྱུར་མེད་དང་། ཉེན་རྟོག་པའི་ལམ་བུ་ནས་དམངས་ལ་བློ་དཀར་སེམས་དཀར་བྱེད་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་འབད་འབུངས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་ཟེར།

   མདའ་བཞི་རྫོང་མདོ་ལ་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་མ་ཙེ་མོའུ་ཡིས་བཤད་རྒྱུར། དུས་རབས་གསར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་ཉིན་རེར་ཡར་བརྩོན་བྱས་ནས་མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་བོས་རྒྱལ་ཁབ་ལ་ཕུལ་བའི་ལེགས་སྐྱེས་སེམས་ལ་བརྟན་པོར་བཟུང་ནས་ཕུགས་འདུན་བརྟན་གཏོང་དང་ཀུན་སྤྱོད་ལེགས་གཏོང་། འཇོན་ཐང་སྦྱོང་བརྡར་བཅས་བྱ་རྒྱུའི་ཆོད་སེམས་ཡོད་ཅེས་ཟེར། 

   ཁུལ་བོད་སྨན་ཁང་གི་སྨན་པ་ལིའུ་ཁྲུན་ཡན་གྱིས་བཤད་རྒྱུར། དུར་མཆོད་དུས་ཚིགས་སླེབས་ལ་ཉེ་བའི་དུས་ཏེ། དེ་རིང་འདི་ནས་སྔོན་གཤེགས་གསར་བརྗེ་དཔའ་བོ་ཚོའི་མཛད་རྗེས་རླབས་ཆེན་ལ་རྗེས་དྲན་ཞུས་པ་དང་། སྔོན་གཤེགས་དཔའ་བོ་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མི་བརྗེད་པ་དང་། ད་ལྟའི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་གཅེས་སྤྲས་བྱས་ཏེ། སྨན་དོན་ལས་སྒྲུབ་པ་ཞིག་གི་ངོས་ནས་བརྗོད་ན། མ་འོངས་བར་ངས་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ངུས་སྨན་བཅོས་བྱ་གཞག་ལ་རང་ཉིད་ཀྱིས་ལེགས་སྐྱེས་དབུལ་རྒྱུ་ཡིན་ཟེར། 


   ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཝང་ཀྲུང་དབྱི། སུང་ཞུག་ཙུང་། ལིག་ཏུང་། ཞུ་ཡུང་ཀུང་། སུའུ་བདུན་ཅུ། དབྱིན་མོ་ཝུན། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཁྲང་ལིན། ཞོ་རོས་ཞིན། ཁའེ་ཞའོ་ཆིན། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ། དེ་བཞིན་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་། མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རུ་མི། སྨན་དོན་མི་སྣ། སློབ་མའི་འཐུས་མི་བཅས་མཛད་སྒོར་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号