ཤ་བོ་སྐྱབས2023ལོའི་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་ལེགས་ལྡན་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ།


   ཟླ4བའི་ཚེས18ཉིན། “རི་ཀླུང་དང་ཆུ་བོ་བརྒལ་ནས་ཅི་ནན་དུ་འཛོམས་ཤིང་། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ལག་ཟུང་སྦྲེལ་ཏེ་མདུན་དུ་བསྐྱོད”ཅེས་པ་བརྗོད་དོན་ཡིན་པའི2023ལོའི་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་ལེགས་ལྡན་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་བདེ་བླག་ངང་སྤེལ་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ།   

   ཤ་བོ་སྐྱབས་ཀྱིས2010ལོ་ནས་བཟུང་ཧྲན་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་མཚོ་བྱང་ལ་མ་དངུལ་སྒོར་དུང་ཕྱུར25.54བཏང་ནས་ལས་གཞི241ལག་བསྟར་བྱས་པ་དང་།  ཏང་སྲིད་ལས་བྱེད་པ་དང་རིགས་སོ་སོའི་ཆེད་མཁས་པ་ཉིས་སྟོང་ལྷག་མཚོ་བྱང་དུ་རིག་སྟོབས་རོགས་སྐྱོར་བྱེད་པར་མངགས་ནས“མཚོ་བྱང་ལ་དགོས་མཁོ་ཅི་ཞིག་ཡོད་ན་ཧྲན་ཏུང་གིས་དེ་བཞིན་དུ་སྐོང་བའི”ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད་ལ། ཧྲན་ཏུང་གི་ལས་རིགས་སོ་སོས་སྒེར་སེམས་མེད་པར་རོགས་རམ་བྱས་པ་མཚོ་བྱང་གི་རིགས་སོ་སོས་མི་དམངས་ཀྱིས་ཡིད་ལ་བརྟན་པོར་བཅངས་ནས་བཀའ་དྲིན་སེམས་ལ་ཉར་ཡོད། ཧྲན་ཏུང་མི་དམངས་ལས་ལ་བརྩོན་ཞིང་བྱ་བ་ཧུར་ཐག་འབད་ཐག་གིས་སྒྲུབ་ལ། མི་གཞན་ལ་བབ་ཆགས་པའི་སྤྲོ་སེམས་སྟེར་ཞིང་བློས་འཁེལ་ཆོག་ལ་འགན་འཁུར་ཕོད་པའི་གྲོགས་པོ་ཞིག་ཡིན་པས།  མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད་པར་བསྟན།    


   ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་མཚོ་བྱང་གི་རྒྱབ་ཕྱོགས་མདོ་ལ་རི་བོ་དང་མདུན་ཕྱོགས་མཚོ་སྔོན་པོ་ཡིན་ལ། ཀྲུང་གོའི་རྡུལ་ཕྲན་མཁར་དང་གསེར་དངུལ་ཐང་གསར་བརྗེའི་རྩྭ་ཐང་རུམ་ཡོད་ཅིང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད། མཚོ་བྱང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་སྣ་མང་ཡོད་པར་མ་ཟད། སྐྱེ་ཁམས་གནས་བབ་གལ་ཆེན་ལྡན་ཞིང་། ཞིང་ཕྱུགས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།  ད་ལྟ་རྒྱལ་ཁབ5Aརིམ་པའི་ལྗོངས་ཁུལ2ཡོད་པས“རབ་མཛེས་མཚོ་སྔོན”གྱི་བསྡུས་གཟུགས་སུ་གྲུབ་ཅིང“དག་སྣང་མཚོ་བྱང”ཞེས་བརྗོད་ཀྱི་ཡོད།  ལོ་རེར་མཚོ་བྱང་ལ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི1100ལྷག་ཙམ་ཟིན་ལ། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་བྱང་ལ་གཟིགས་ཞིབ་གནང་བར་ཕེབས་པར་མ་ཟད2022ལོའི་ལོ་སར་གྱི་ཤིས་ཚིག་ནང་ཆེད་དུ་རླབས་ཕྲེང་ལང་ལོང་འཕྱུར་བའི་མཚོ་སྔོན་པོའི་སྐོར་གསུངས་ཡོད། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་ཏན་འབར་མདེལ་གནས་འདིར་ཞིབ་འཇུག་དང་གསར་བཟོ་ལེགས་གྲུབ་བྱུང་ཞིང་། “མདེལ་གཉིས་སྐར་གཅིག”གི་རླབས་ཆེའི་སྙིང་སྟོབས་འབྱུང་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་འཇོག་སའི་གནས་མཆོག ཚན་རིག་པའི་སྙིང་སྟོབས་ཀྱི་གྲུབ་ཆ་བཅས་ཡིན་པས་རང་རྒྱལ་གྱི་བསམ་པའི་བཙན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དེ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ལས་བྱེད་པའི་སློབ་གསོའི་ལས་སྟེགས་ཆེན་པོའི་ནང་བཅུག་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་གཤིས་སློབ་གསོའི་ལས་བྱེད་སློབ་གླིང་གཅིག་པུ་དེ་ཡིན། མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཅིང་།  བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས“ཐོན་ལས་ཆེ་གྲས་ལྔ”དར་སྤེལ་གཏོང་བའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད“མཚོ་བྱང་རྟགས་ཅན”གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཆས་རྟགས་གང་མང་ཞིག་གྲུབ་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་འཆར་འགོད་བྱས་པའི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཅངས་ནས་མཚོ་བྱང་གི་ཐོན་ལས་ཀྱི“གནས་བཞིའི”འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པར་བཤད།    

   ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ཆུ་གཅིག་མཉམ་འཐུང་བྱས་ཤིང་མཛའ་བརྩེ་ཁྱིམ་ཚང་གཅིག་ལྟར་བརྩེ། མཚོ་བྱང་གི་འདས་ཟིན་པའི་འཕེལ་རྒྱས་དེ་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲན་ཏུང་མི་དམངས་ཀྱི་བརྩེ་སེམས་ཟབ་མོའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། མགོ་འཛུགས་ས་གསར་བའི་ཐོག་མཚོ་བྱང་ལ་ཧྲན་ཏུང་གི་ལས་རིགས་སོ་སོའི་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་མཁོ་ལ། མཚོ་བྱང་ལ་ཚོང་ལས་ཀྱི་གོ་སྐབས་ཚད་མེད་པ་ཞིག་ཡོད་པ་དེ་ནི་ལས་རིགས་སོ་སོས་མ་འཇོག་ལས་གཏོད་བྱ་ཡུལ་ཞིག་ཡིན་པས། འོས་སྦྱོར་ཚོགས་འདུའི་ཚོང་ལས་ཀྱི་གོ་སྐབས་ཚད་མེད་པའི་སྟེགས་བུ་ཆེན་པོར་བརྟེན་ནས་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཡག་ཤོས་ཚང་མར་འོས་སྦྱོར་བྱས་ཏེ“མཚོ་བྱང་རྟགས་ཅན”གྱི་ཞིང་ཕྱུགས་ཐོན་རྫས་དེ་བས་མང་བ་ཧྲན་ཏུང་གི་ཁྲོམ་རར་བྲིན་ཚོང་ཡོང་བར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཧྲན་ཏུང་ཞིང་ཆེན་གྱི་རྒྱ་ཆེའི་ཚོང་བ་དང་ཁེ་ལས་པ། ལས་རིགས་སོ་སོའི་གྲོགས་པོ་རྣམས་མཚོ་བྱང་ལ་རྟོག་ཞིབ་མཛུབ་ཁྲིད་དང་མ་འཇོག་ལས་གཉེར།  ཐུན་མོང་ཐོག་འཕེལ་རྒྱས་གཏོང་བར་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་བ་ཡིན་པར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号