མཚོ་བྱང་ཁུལ་གྱི2023ལོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས།


   ཟླ4བའི་ཚེས25ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱིས་ནུབ་མཚོ་གྲོང་རྡལ་དུ་མདའ་བཞི་ས་ཁུལ་གྱི2023ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོ་འཚོགས་ཏེ་ཁུལ་ཡོངས་ཀྱི2023ལོའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས2023ལོའི་ཁུལ་ཡོངས་ཀྱི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་གྱི་མགོ་ཁྲིད་པད་རྒྱལ་བཀྲ་ཤིས་དང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། ཞུ་ཡུང་ཀུང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ལུང་དབྱང་ཧྲེང་། དབྱང་ཏེ། མ་ཝུན་ཆོན་བཅས་དང་། ཁུལ་དང་རྫོང་གི་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བ2400ལྷག་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།  

   ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་དམ་འཛིན་བྱས་ཏེ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ནས་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་བས་ལྗང་མདོག་མཚོ་བྱང་འཛུགས་སྐྲུན་ལ་ཕན་འབྲས་གསར་བ་ཐོབ་ཡོད། “ལྔ་བཅུ་གསུམ་པའི”ཚུན་དུ་ཁུལ་ཡོངས་ཀྱིས་ཁྱོན་རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི260.66ལེགས་སྒྲུབ་བྱས་ཤིང་། ཞིང་ཆེན་རིམ་པའི་ནགས་ཚལ་མཁར་གྲོང5དང་ཞིང་ཆེན་རིམ་པའི་ནགས་ཚལ་ཞིང་གྲོང6བཏོད་ལ། དེའི་ཁྲོད་ཀྱི3རྒྱལ་ཁབ་ནགས་ཚལ་ཞིང་གྲོང་ལ་གདེང་འཇོག་དང་ངོས་འཛིན་གཏན་འཁེལ་བྱས་པ་དང་། ཁུལ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད17.75%ཟིན་ཡོད་པས། རྒྱལ་ཁབ་ལྗང་སྒྱུར་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དཔེ་བཟང་གྲོང་ཁྱེར”གྱི་མིང་བསྩལ་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་སྔོན་ཐོན་ལས་ཁུངས”ཀྱི་མིང་བསྩལ།  

   2023ལོར་མཚོ་བྱང་ཁུལ་གྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སར་འོས་འགན་སྡོང་འཛུགས་བྱེད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་ནགས་སྐྲུན་མུའུ་ཁྲི13.04དང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་མུའུ་ཁྲི139། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སྡོང་རྐང་ཁྲི95ཡན་བཙུགས་ཏེ། བྱེ་འགོག་བཟོ་སྐྲུན་མུའུ་ཁྲི2.4ཟིན་པར་བྱ་རྒྱུ། གཉིས་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་བསུ་བ་བྱེད་པ་གོ་སྐབས་སུ་བྱས་ཏེ། ནུབ་མཚོ་གྲོང་རྡལ་གྱི་མཐའ་འཁོར་དང་བགྲོད་ལམ་གྱི་ལྷུ་ཚིགས་གལ་ཆེན་གྱི་ནགས་སྐྲུན་ལྗང་སྒྱུར་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་སྒོ་ནས་བྱ་བ་སྒྲུབ་པ་དང་རྣམ་པའི་ཐད་ནས་ནང་དོན་ལ་ལྟ་རྟོག་བྱས་ཏེ། མཁར་ཁུལ་ལྗང་སྒྱུར་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་བཏང་ནས་སྣང་བརྙན་བཟང་བོ་མངོན་པར་བྱ་རྒྱུ། གསུམ་ནས་བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་དང་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་གཙོ་གནད་བཟོ་སྐྲུན་ཟུང་འབྲེལ་བྱས་ཏེ། བྱེ་འགོག་བྱེ་བཅོས་ཤུགས་ཆེན་བྱེད་པ་དང་། རྩྭ་ཐང་ཞན་འགྱུར་དང་ས་ནག་བཅོས་སྐྱོང་། ཐང་རྒོད་དང་རྩྭ་ས་ཉམས་གསོ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ། བཞི་ནས་ནགས་ལས་དང་རྩྭ་ཐང་སྲུང་སྐྱོབ་འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་མ་འཇོག་གི་ཁྲིད་ཕྱོགས་ལ་དམ་པོར་དམིགས་ནས་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བའི་ནགས་ཚལ་དང་རྩྭ་ཐང་གི་ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་དང་ལག་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུ། ལྔ་ནས་རྒྱལ་ཁོངས་ལྗང་སྒྱུར་དྲིལ་སྒྲོག་ལ་མུ་མཐུད་ཤུགས་བསྣན་ནས་མི་དམངས་མང་ཚོགས་ནགས་སྐྲུན་ལྗང་སྒྱུར་བྱ་བའི་ནང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ། ལྗང་མདོག་ལ་དགའ་བ་དང་ལྗང་མདོག་ལ་སྲུང་སྐྱོབ། ལྗང་མདོག་འཛུགས་སྐྲུན་བཅས་བྱེད་པའི་ལྗང་མདོག་དཔལ་ཡོན་གྱི་འདུ་ཤེས་དེ་སྤྱི་ཚོགས་ཡོངས་སུ་སྔར་བས་མི་སེམས་སུ་ཟུག་པ་དང་རྒྱལ་ཁོངས་ལྗང་སྒྱུར་བྱ་རྒྱུ་དེ་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱ་རྒྱུ།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号