ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྐང་ཚ་རྫོང་དང་མཚོ་སྔོན་པོ་ཞིང་རར་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚད་བརྒལ་གསར་བ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན།


   ཟླ5བའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རྐང་ཚ་རྫོང་དང་མཚོ་སྔོན་པོ་ཞིང་རར་བརྟག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་གནས་ཚད། འཐབ་ཇུས་ཀྱི་ངེས་གནས་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་རྒྱུན་ཆད་མེད་པར་བྱས་རྗེས་གསར་བ་མངོན་པ་དང་ཚད་བརྒལ་གསར་བ་མངོན་འགྱུར། ཕན་འབྲས་གསར་བ་ལེན་དགོས་པ་བཅས་ནན་གྱིས་བསྟན།

   ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་ཧོང་ཡུས་ཞིང་རར་བསྐྱོད་དེ་ཆང་བསྙལ་བའི་ལས་སྣོན་དང་། ཕག་དང་ནོར་གནག་གསོ་སྤེལ། ནས་དང་ལོག་དཀར་འདེབས་འཛུགས་སོགས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་རྗེས། ཤ་བོ་སྐྱབས་ཀྱིས་རྐང་ཚ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་པའི་ས་ཆ་ཞིག་དང་། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་འགག་རྩའི་གནས་ཤིག ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་སྐྱེད་ཀྱི་གཡུལ་ས་གཙོ་བོ་ཞིག་བཅས་ཡིན་པར་མ་ཟད། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་མཚོ་སྐོར་གཙོ་གནད་ཕྱུགས་ལས་རྫོང་དང་མཚོ་སྐོར་དེང་རབས་ཕྱུགས་ལས་འཕེལ་རྒྱས་ཁུལ་ཞིག་ཀྱང་ཡིན་པས། གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་དཔེ་སྟོན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྐོར་ཐེངས་གསར་བའི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་སྤེལ་མགོ་རྩོམ་པ། སྐྱེ་ཁམས་དོ་དམ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྩྭ་ཐང་དུ་གང་དགར་འཛུགས་སྐྲུན་བྱེད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོ་དང་མདོ་ལ་རི་བོའི་ལྷོ་རྒྱུད་རྐང་ཚ་ཡུག་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་མཇུག་བསྡུའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་ནས“མདོ་ལ་རི་བོའི་ལྷོ་རྒྱུད་དང་མཚོ་སྔོན་པོའི་བྱང་ངོས་ཀྱི”ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་སྐྲུན་དགོས། གཉིས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་ཁུར་འཁུར་སེམས་མངོན་པར་བྱེད་པ་དང་། “གནས་བཞི”འཛུགས་སྐྲུན་བྱེད་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ཏེ་གཟན་ཆས་རྒྱུ་ཆ་བཟོ་གྲྭ་དང་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར། བཤས་ར། འཁྱག་མཛོད་གྲང་སྦྲེལ། སྐྱེ་ལྡན་ལུད་རྫས་བཟོ་གྲྭ། ནས་དང་ལོག་དཀར་ལས་སྣོན་བཟོ་གྲྭ། སོན་བཟང་འདེབས་གསོ་མཁོ་འདོན་རྟེན་གཞི་སོགས“གཅིག་ཅན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཆ་ཚང་བའི་བཟོ་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས“རྐང་ཚའི་མཚོ་སྔོན་པོའི་བོད་ལུག”དང“རྐང་ཚའི་མཚོ་སྔོན་པོའི་ནོར་གནག”སོགས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ར་སྤྲོད་ཀྱི་ཚོང་རྟགས་བཏོད་དེ་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་བཙན་ས་གཏོད་རྒྱུར་དམིགས་ནས་འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཧའེ་ཐའར་རྡོ་སོལ་གཏེར་ཁུངས་དང་ཞན་ཧྥིན་རྡོ་སོལ་གཏེར་ཁུངས་ཀྱིས་གང་མགྱོགས་སྒོས་བདེ་འཇགས་ཐོན་སྐྱེད་ཀྱི་ཚབ་གཉེར་གྲོས་མཐུན་ལེགས་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆུ་ཁོལ་རྡོ་སོལ་ཐོན་ལས་གླིང་ཁུལ་གྱི་རང་ཚུགས་བཟོ་གཏེར་ཁུལ་འཁོར་སྐྱོད་ཅན་སྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་འགྲན་སྡུར་སྐབས་བརྒྱད་པ་ཡག་པོར་སྤེལ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ། གསེར་ཉ་ཡར་འགྲོའི་དྲིལ་སྒྲོག་འཕྲིན་སྤེལ་བྱ་བ་ཡག་པོར་སྒྲུབ་པ། Aརིམ་པའི་ལྗོངས་ཁུལ་འདེམས་གསེས་སྙན་ཞུ་དང་གསར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསེར་ཆེན་རྫོང་གི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། མཁའ་དམག་ས་གནམ་འཕུར་མདེལ་ཐོན་བརྒྱད་པའི་རྗེས་ཤུལ་སོགས་གསར་བརྗེའི་ཐོན་ཁུངས་གསར་སྤེལ་བྱེད་པ་མགྱོགས་སུ་གཏོང་བ། ཆུ་ཁོལ་ཉམས་ལེན་ཁུལ་དང་མཚོ་འཁྱིལ་གྱི་གསེར་ཉ་ཡར་འགྲོར་ལྟ་ཞིབ་བྱེད་ས། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་བཅས་དམིགས་བསལ་ཆོག་མཆན་སྤྲད་པའི་ས་ཚིགས4ཡི་ལྗོངས་ཁུལ་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ལ་དམ་འཛིན་བྱེད་དགོས། གསུམ་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་པ་བྱས་ཏེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་དང་སྟོབས་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་མ་འཇོག་དང་ཡིད་རྟོན་འགན་བཅོལ་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བེད་མེད་ཐོན་ཁུངས་ཀྱི་རྒྱུ་ནོར་བེད་སྤྱོད་གང་ལེགས་བྱས་ནས་རོང་འབྲོག་མང་ཚོགས་ལ་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་འབྲས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱེད་དགོས། བཞི་ནས་དམངས་འཚོ་ལེགས་སུ་གཏོང་བའི་ཐད་རིམ་སྤོར་མངོན་འགྱུར་བྱེད་པ་དང་དམངས་འཚོའི་ནོར་སྲིད་ཀྱི་གཏོང་སྒོ་མང་དུ་བཏོད་དེ་མ་དངུལ་དང་སེམས་ཤུགས་དེ་བས་མང་བ་བཏོན་ནས་སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ལྔ་ནས་མི་རིགས་མཐུན་སྒྲིལ་ཐད་ཁྱད་ཆོས་གཏོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་དང་སེ་འབྲུའི་ཁྱིམ་གཞིས་སོགས་སློབ་གསོའི་གཡུལ་ས་བཙུགས་ནས་རོང་འབྲོག་མང་ཚོགས་དང་གྲྭ་བཙུན་གྱི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་བདེའི་རྐང་ཚ་འཛུགས་སྐྲུན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། དྲུག་ནས་ཏང་འཛུགས་སྐྱོང་ཐད་མིག་དཔེ་བསྟན་ནས་ཏང་གི་མགོ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། ལྐོག་ཟ་དང་རུལ་སུངས་ལ་ཆད་གཅོད་དང་བཅོས་སྐྱོང་གི་རྒྱུན་སྲིང་བྱ་བ་མུ་མཐུད་ཡག་པོར་སྤེལ་ནས་སྤྱོད་ཚུལ་ངན་པ་བཀག་འགོག་བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་བརྟན་པོར་འཛུགས་པ་དང་། ཁྱད་ཆོས་མངོན་གསལ་དོད་ཅིང་བཀྲག་མདངས་འཚེར་བའི་གཞི་རིམ་གྱི་ཏང་འཛུགས་སྐྱོང་ཆས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།  

   ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་སྐབས་དཔལ་འབྱོར་སླར་གསོ་དང་གོང་འཕེལ་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་བཞག་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་བཏོན་པའི་སྲིད་ཇུས་དང་བྱ་ཐབས་སོ་སོ་མུ་མཐུད་དུ་དང་ལེན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་སྲིད་ཇུས་འཆར་འགོད་བྱེད་པའི་འགུལ་སྐྱོད་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། སྐྱེ་ཁམས་འཛུགས་སྐྱོང་གི་བཙན་སའི་ཐོག་བྱས་རྗེས་ཧུར་ཐག་བཞག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ“མདོ་ལ་རི་བོའི་ལྷོ་རྒྱུད་དང་མཚོ་སྔོན་པོའི་བྱང་ངོས”ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་བཞག་ནས་སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ཁམས་ཡུལ་སྐོར་ལས་རིགས། ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་རྐང་ཚའི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་ཞུགས་ནས“གདོང་ལེན་པ་གསུམ་དང་ལམ་བུ་གསུམ”ལ་མུ་མཐུད་ཤུགས་བསྣན་ཏེ་དཀོན་ལོ་གོང་མ་སྡེ་བ་དེ་དམིགས་བསལ་ཁྱད་ཆོས་ལྡན་པའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་སྡེ་བ་དང་། ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་སྡེ་བ་ཞིག་ཏུ་གཏོད་དགོས། དམངས་འཚོ་ལེགས་སུ་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་བཞག་སྟེ་དམངས་འཚོའི་བྱ་བ་དངོས་ཡག་པོར་བསྒྲུབ་རྒྱུ་དེ་དམངས་ལ་ཕན་པ་སྐྲུན་པའི་དམ་འཛིན་བྱ་གཞིར་བརྩིས་ནས་སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།    

   མཚོ་སྔོན་པོ་ཞིང་རའི་བྱ་བའི་སྙན་ཞུར་ཉན་རྗེས། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཞིང་ར་ཁུལ་གྱི་ས་རྒོད་གསར་སྦོལ་ཁེ་ལས་དང་ཆས་རྟགས་རྙིང་བ་ཞིག་ཡིན་པའི་ཆ་ནས་མི་མངོན་པའི་ནུས་པ་ཚད་མེད་ལྡན་པ་དང་མདུན་ལམ་ཆེན་པོ་ལྡན་ཡོད། སྐྱེ་ཁམས་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་། མུའུ་ཁྲི15.8ཀྱི་ནགས་ས་བཀག་གསོ་དང་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པའི་རྨང་གཞིའི་ཐོག་སྐྱེ་ཁམས་མཛའ་གྲོགས་དང་ལྗང་མདོག་ཐཱན་ཉུང་། ཁྱད་ཆོས་མངོན་གསལ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྒོས་བསྐྱོད་དགོས་ཤིང་།  “སྒུག་རྟེན་སློང་གསུམ”གྱི་བསམ་བློ་མཐའ་གཅིག་ཏུ་དོར་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཁེ་རམ་ཐང་དང་མུའུ་ཁྲི་ཡི་བྱེ་ཐང་ནགས་ཚལ། རྨོ་བསྐྱུར་ནགས་གསོ་ཁུལ་སོགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཐོ་སྒང་སྐྱེ་ཁམས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཕྱོགས་ཡོངས་ནས་མཐོ་སྒང་གི་ལྗང་མདོག་བཟའ་སྣུམ་ལས་སྣོན་ཐོན་ལས་གཏོད་དགོས་ལ། ཞིང་རའི་ད་ཡོད་ཀྱི་མུའུ་ཁྲི་ཡི་བྱེ་ཐང་ནགས་ཚལ་དང་ལོག་དཀར་མེ་ཏོག་མཛེས་ལྗོངས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ས་རྒོད་གསར་སྦོལ་གྱི་རིག་གནས་ལོ་རྒྱུས་སྔོག་འདོན་གང་ལེགས་བྱེད་པ་དང་། སྤྲོ་གསེང་སྒར་འདེབས་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་བརྒྱུད་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་རྒོད་གསར་སྦོལ་རིག་གནས་ཡུལ་སྐོར་ཐོན་ལས་འཚོལ་ཞིབ་བྱས་ནས་བཏོད་དེ་ཁེ་ལས་ཀྱི་ཕན་འབྲས་དང་ལས་བཟོ་བའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས།  རྐང་ཚ་རྫོང་གིས་མཚོ་སྔོན་པོ་ཞིང་ར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་དཀའ་གནད་སེལ་རོགས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཞིང་རའི་འགན་འཁུར་བ་གཙོ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གལ་ཆེའི་ཚོགས་འདུར་ཟུར་ཞུགས་བྱ་རྒྱུར་གདན་ཞུ་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཐད་ཤུགས་བསྣན་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ་ནན་གྱིས་བསྟན།   

   དེའི་རིང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་མཚོ་སྔོན་ཞིང་ཆེན་མཁར་ཟུར་གསུམ་ལུག་རྒྱུད་ར་བར་ཕེབས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱུད་བཟང་ཕྱུགས་རྒྱུད་གསོ་སྤེལ་བྱེད་པ་སོགས་ཀྱི་ཐད་བརྗེ་རེས་གཏིང་ཟབ་བྱས།    

   ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར། མཁར་ཟུར་གསུམ་ལུག་རྒྱུད་ར་བ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号