ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ཀྱི་ཏིང་ཡེ་ལེའང་འཁོར་དང་བཅས་པར་བཞུགས་མོལ་བརྗེ་རེས་གནང་པ།

   ཟླ7པའི་ཚེས22ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཟི་ལིང་དུ་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ནུས་རྒྱུ་གསར་པའི་མ་རྐང་ཚོད་འཛིན་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་ཏིང་ཡེ་ལེའང་འཁོར་དང་བཅས་པར་མཚོ་བྱང་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་གནང་པ།

   བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ཕྱོགས་ཀྱིས་སྤྱི་གཉེར་ཁང་གི་ལས་སྒོ་སྤེལ་བའི་གནས་ཚུལ་དང་།   ནུས་རྒྱུ་གསར་པའི་མ་རྐང་ཚོད་འཛིན་སྤྱི་གཉེར་གྱི་གནས་ཚུལ་མདོར་བསྡུས། འོད་དྲོད་གློག་འདོན་ལག་རྩལ་གྱི་རྩ་བའི་རིགས་པ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས། ཁྱད་ཆོས་དང་དགེ་མཚན། འོད་དྲོད་ལས་སྒོའི་སྲོག་ཤིང་བྱེད་ནུས་དང་དེ་བཞིན་མཚོ་བྱང་ཁུལ་གྱི་ནུས་རྒྱུ་གསར་པའི་འཆར་འགོད་དང་དུས་མགོའི་ཐོན་ཁུངས་ཀྱི་བརྟག་ཞིབ་གནས་ཚུལ་ངོ་སྤྲོད་བྱས་ཤིང་།  མཚོ་བྱང་ཁུལ་གྱིས་རང་གི་ནུས་རྒྱུ་གསར་པའི་འཆར་འགོད་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ངོ་སྤྲོད་བྱས།

   ཏིང་ཡེ་ལེའང་གིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་ནུས་རྒྱུ་གསར་པའི་འོད་དྲོད+ལྗོངས་རྣམ་མང་པོའི་བཀོལ་སྤྱོད་ཀྱིས་དྲ་སྦྲེལ་གློག་འདོན་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ལག་ལེན་ཡག་པོ་བྱེད་པ་བརྒྱུད་མཚོ་བྱང་ཁུལ་དང་མཉམ་ལས་ཀྱིས“འཕུར་མཆོང་དཔལ་འབྱོར”གྱི་རྣམ་པ་འཛུགས་སྐྲུན་དང་། ས་གནས་ཀྱི་དྲ་བྲལ་གློག་འདོན་ནང་ཞུགས་ཏེ་བཟོ་ལས་གླིང་ཁུལ་དུ་དྲོད་རླངས་མཁོ་འདོན་དང་ས་གནས་ཀྱི་ཚོང་འགུགས་མ་འདྲེན་ལ་ཕན་པ་ལྡན་པའི་མཐུན་རྐྱེན་གསར་པ་སྦྱོར་རྒྱུ་ཡིན་པར་བཤད།

   ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཁྲོད་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ཀྱིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ཀྱིས་མུ་མཐུད་དུ་མཚོ་བྱང་ལ་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་མཚོ་བྱང་གིས་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་གཏོད་རྒྱུར་རོགས་རམ་བྱ་རྒྱུར་དགའ་བསུ་ཞུ་བ་ཡིན་པར་བཤད། ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ཀྱིས་མཚོ་བྱང་ཁུལ་མདའ་བཞི་རྫོང་དུ་རླུང་གློག་ལས་གཞི་བཙུགས་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་རྨང་གཞི་ལེགས་པས། རྗེས་ཕྱོགས་མཚོ་བྱང་དུ་ཡུལ་དངོས་ནས་རྟོག་ཞིབ་བྱེད་པ་དང་མཉམ་ལས་ཀྱི་ཞིབ་ཕྲའི་ལས་དོན་གྲོས་མོལ་བྱེད་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་པར་བཤད། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གིས་ཞབས་ཞུའི་ལས་དོན་སོ་སོ་ཡག་པོར་བསྒྲུབ་ནས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ཀྱིས་བཏོན་པའི་དགོས་མཁོའི་གསལ་ཐོའི་རྨང་གཞིའི་ཐོག་འགན་ལེན་གྱི་རྒྱུ་རྐྱེན་གཙོ་བོར་ཤུགས་བསྣན་ཏེ་ཁེ་ལས་དང་ས་གནས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་པར་བཤད།


   ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号