དེབ་གསར། «སྨན་རྒྱལ་གཉིས་པ་བླ་སྨན་དར་མོ་སྨན་རམས་པའི་མཛད་རྣམ་དྲང་སྲོང་དགྱེས་པའི་རོལ་གར»

 བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྐུ་གཞོན། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། བན་ཟུར་འཇིགས་མེད་མཆོག་ནས་དུས་ཡུན་བགྲང་བྱ་ལྔ་ཙམ་རིང་ཐུགས་བརྩོན་ཆེན་པོས་བོད་ལུགས་གསོ་རིག་གི་སྐྱེས་ཆེན་དམ་པ་ཞིག་གི་མཛད་རྣམ་ལ་ཞིབ་འཇུག་ཤ་ཐང་གིས་འབད་པ་བགྱིས་པའི་གྲུབ་འབྲས་སུ«སྨན་རྒྱལ་གཉིས་པ་བླ་སྨན་དར་མོ་སྨན་རམས་པའི་མཛད་རྣམ་དྲང་སྲོང་དགྱེས་པའི་རོལ་གར»ཞེས་པའི་ཕྱག་དེབ་དངོས་སུ་པར་སྐྲུན་ལེགས་གྲུབ་ཀྱིས་གསོ་རིག་དང་ལོ་རྒྱུས་དོན་གཉེར་ཅན་ཚོའི་མིག་ཡིད་རྣ་བའི་དགའ་སྟོན་དུ་ཕུལ་ཡོད།

རྣམ་ཐར་འདི་ནི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི༧རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུའི་བླ་སྨན་པ་དང་ལྕགས་པོ་རི་འགྲོ་ཕན་གླིང་གི་སློབ་དཔོན། མིག་འབྱེད་རིག་པའི་ཆེད་མཁས། ཕུང་པོ་གཤགས་ལས་རིག་པར་མངའ་བརྙེས་པ། སྟོད་ལུགས་དང་འབྲི་ལུགས་སོགས་ཀྱི་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་སྨན་གྱི་སྦྱོར་བཟོའི་རྒྱུན་འཛིན་པ་ཆེན་མོ། འཕགས་ཡུལ་གྱི་པཎྜི་ཏ་ཆེན་མོ་གཽ་དཱ་ལ་སོགས་ཀྱི་ཐུགས་ཟིན་ཞལ་སློབ། བོད་ལུགས་གསོ་རིག་གི་རྩ་ཆེའི་མན་ངག་གི་ཉིང་ཁུ་ཕྱོགས་གཅིག་ཏུ་བྱས་པ་གདམས་ངག་བཀའ་བརྒྱ་མ་སོགས་ཀྱི་བྱེད་པོ་དམ་པ། དཔལ་ལྡན་རྒྱུད་བཞིའི་དཀའ་བའི་གནད་གསལ་བར་བྱེད་པའི་འགྲེལ་བྱེད་མཁན་པོ། འདར་ལོ་དང་ལྷན་དུ་འཕགས་ཡུལ་གྱི་རྩ་བརྟག་རིག་པ་སོགས་བོད་སྒྱུར་གྱི་ལོ་ཙཱ་བ། ༧རྒྱལ་མཆོག་ལྔ་པ་ཆེན་པོས་སྨན་པའི་རྒྱལ་པོར་ལན་དུ་མར་དབང་བསྐུར་བའི་མཁས་མཆོག་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་མཆོག་སྐུ་བལྟམས་པ་ནས་དགུང་གྲངས་གྱ་ལྔའི་བར་ཏེ་སྐུ་ཚེ་གང་པོའི་རྣམ་ཐར་ཆ་ཚང་བ་ཞིག་མེད་པ་ནས་ཡོད་པ། ཡོད་པ་ནས་འཐུས་ཚང་དུ་སྒྲོ་སྐུར་སྤངས་ཏེ་ལུང་རིགས་ཚད་མ་གསུམ་གྱི་སྒོ་ནས་གསར་དུ་མཛད་དེ་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་གསབ་པར་མཛད།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་རྣམ་ཐར་དྲང་སྲོང་དགྱེས་པའི་རོལ་གར་ཞེས་བྱ་བ་འདི་ཉིད་ལེའུ་ཆེ་བ་གཉིས་ཀྱི་ཐོག་ནས་བསྟན་པར་མཛད་དེ། ལེའུ་དང་པོ་སྨན་རྒྱལ་གཉིས་པ་བླ་སྨན་དར་མོ་སྨན་རམས་པའི་མཛད་རྣམ་རྒྱས་པ་དང་། ལེའུ་གཉིས་པ་སྨན་རྒྱལ་གཉིས་པ་བླ་སྨན་དར་མོ་སྨན་རམས་པས་མཛད་པའི་གསོ་བ་རིག་པའི་བསྟན་བཅོས་ཀྱི་སྐོར་ཞེས་ནང་དོན་ཆེ་ཁག་གཉིས་དང་ཟུར་བཀོད་གསུམ་གྱི་སྒོ་ནས་དམ་པ་དེའི་སྐུ་ཚེ་གང་པོའི་རྣམ་ཐར་ཆ་ཚང་བ་གསལ་བར་མཛད། འགྲེལ་པ་བསྡུས་པ་ས་བཅད་ཅེས་པ་ལྟར་ཞིབ་ཕྲའི་ནང་དོན་གཤམ་གྱི་དཀར་ཆག་པར་རིས་ལས་གསལ་བར་བྱས་ཡོད་པས་དཔྱོད་ལྡན་རྣམས་ཅི་དགར་གཟིགས་འཚལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号