ཧན་ཧུང་གིས་བོད་ལྗོངས་ལ་སྒོར་ཁྲི་800ལྷག་གི་ཞལ་འདེབས་ཕུལ་བ།

ཟླ6ཚེས27ཉིན། ཧན་ཧུང་གཅེས་སེམས་ཐེབས་རྩ་ལྷན་ཚོགས་ཀྱི2024ལོའི་བོད་གཅེས་བྱ་སྤྱོད་མུ་མཐུད་སྤེལ་བའི་ཞལ་འདེབས་འབུལ་བའི་མཛད་སྒོ་བོད་ལྗོངས་ལྷ་སར་འཚོགས་ཡོད།

ད་ཐེངས་ཀྱི་རོགས་སྐྱོར་བྱ་སྤྱོད་ནང་། ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ལ་རིན་ཐང་བསྡོམས་འབོར་སྒོར་ཁྲི800ལྷག་ཙམ་རི་བའི་རྣམ་གྲངས་དང་དངོས་ཟོག་ཞལ་འདེབས་ཕུལ་ཡོད། དེའི་ནང་གཞི་རིམ་སྨན་བཅོས་སྒྲིག་གཞིར་བརྒྱུད་འདྲེན་རྣམ་པའི་མྱུར་སྐྱོབ་རླངས་འཁོར40དང་གྲོང་གསེབ་སྨན་པར་སྐོར་སྐྱོད་སྨན་བཅོས་ཁུག་མ500ཞལ་འདེབས་བརྒྱབ་པ་དང་། ནག་ཆུ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གི་བསྐྱར་མཐོང་ལྟེ་གནས་ལ་ཚད་བརྒལ་སྒྲ་རླབས་གཤེར་གཟུགས་འདྲེས་སྦྱོར་སྒྲིག་ཆས་ཞལ་འདེབས་བརྒྱབ་ཅིང་ནད་དཔེ250ལ་སྐྱ་གྲིབ་གཤགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། གཞི་རིམ་གྱི་སྨན་དོན་མི་སྣར་གཞི་རིམ་འཕྲལ་བཅོས་དང་སྒྲ་འདས། བུ་བཙའི་ཚན་ཁག ཕྲུ་གུ་དམར་འབྱར་ཚན་ཁག་སོགས་ཀྱི་ཐད་དུས་ཡུན་ཟླ་གསུམ་གྱི་གསོ་སྦྱོང་མཁོ་འདོན་བྱས་པ། ཆབ་མདོ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་ཁང་ལ་འོད་མཐོང་ལྟེ་གནས2སྐྲུན་རོགས་བྱས་པ་དང་འབྲེལ་ས་གནས་དེ་གའི་སློབ་མར་མིག་ཤུགས་བརྟག་དཔྱད་དང་མིག་ཤེལ་སྒྲིག་རོགས་བྱས་པ་བཅས་ཚུད་ཡོད།

ཧན་ཧུང་གིས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་རང་ཉིད་ཀྱིས་བོད་ལྗོངས་སུ་སྤྱི་ཕན་བྱེད་སྒོ་སྤེལ་བའི་ཐོག་མའི་བསམ་འདུན་གླེང་ཡོད། ཁོང་གིས། ཕ་ཡུལ་དུ་ལོག་སླེབས་པས་ཧ་ཅང་དགའ་པོ་བྱུང་། ལག་ལེན་དངོས་ཀྱི་ཐོག་ནས་ཕ་ཡུལ་ལ་རོགས་རམ་བྱེད་ཐུབ་པར་དེ་བས་དགའ་པོ་བྱུང་། ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མཐོང་དུས་དང་། བོད་ལྗོངས་ཀྱི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཉིན་བཞིན་ཡག་ཏུ་འགྲོ་བ་མཐོང་དུས། ང་རང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་བརྗོད་ཡོད།

པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་ཀྲུའུ་རེན་ལི་ཞུའེ་མིན་གྱིས། ལོ་འདི་དག་རིང་། ང་ཚོའི་མིག་ནད་ཚན་ཁག་ལྟེ་གནས་ཀྱི་ཚོགས་པས་ཧན་ཧུང་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་ས་ཆ་མང་པོར་བསྐྱོད་པ་དང་། སྐྱ་གྲིབ་ཕོག་པའི་ནད་པ་མང་པོར་གཤགས་བཅོས་བྱས་ནས་ཁོང་ཚོས་སླར་ཡང་འོད་སྣང་མཐོང་ཐུབ་པ་བྱས་ཡོད། སྐར་ལྔའི་དར་དམར་འོག་འཚར་ལོངས་བྱུང་བའི་སྨན་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་མེས་རྒྱལ་གྱི་མཐའ་མཚམས་སུ་ལང་ཚོ་ལེགས་སྐྱེས་སུ་འབུལ་འདོད་ཡོད་ལ། ཧན་ཧུང་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་བོད་ལྗོངས་དང་གཞི་རིམ་དུ་བསྐྱོད་དེ་མི་དམངས་ལ་ཞབས་འདེགས་ཞུ་འདོད་ཡོད་ཅེས་བརྗོད་ཡོད།

ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་འཕྲོད་བསྟེན་ཁང་གི་འགོ་འཛིན་འཇམ་དབྱངས་མཁས་གྲུབ་ཀྱིས། རྩིས་ལེན་ཚན་པ་ཞིག་ཡིན་པའི་ངོས་ནས་རླངས་འཁོར་དང་སྒྲིག་བཀོད་སྒྲིག་ཆས་ལ་གཅེས་སྤྲས་བྱེད་ངེས་ཡིན་ལ། ཚན་རིག་དང་མཐུན་ཞིང་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་རླངས་འཁོར་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མྱུར་སྐྱོབ་རླངས་འཁོར་གྱི་སྨན་བཅོས་མྱུར་སྐྱོབ་ནུས་པ་ཚད་གཞི་མཐོ་ཤོས་ཐོག་ནས་འདོན་སྤེལ་བྱ་རྒྱུ་ཡིན། དེ་བཞིན་དུ་སྨན་ཁང་དུ་མ་སྡོད་གོང་གི་མྱུར་སྐྱོབ་དང་། རིན་མེད་སྐོར་སྐྱོད་སྨན་བཅོས། དེ་བཞིན་མང་ཚོགས་ཀྱི་སྒོ་འགྲམ་ནས་སྨན་བཅོས་བྱ་རྒྱུ་སོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཧན་ཧུང་ཐེབས་རྩ་ལྷན་ཚོགས་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ལ་སྨན་བཅོས་རོགས་སྐྱོར་བྱ་རྒྱུར་བློ་རྩེ་གཅིག་ཏུ་གཞོལ་ནས་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་དུ་བརྩིས་ཏེ། འཕྲལ་སྡོམ་མྱུར་སྐྱོབ་དང་། སྨན་བཅོས་རོགས་སྐྱོར། སྤྱི་ཚོགས་ཐུགས་ཁུར་སོགས་ཀྱི་སྤྱི་ཕན་རྣམ་གྲངས་སྤེལ་བ་བརྒྱུད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་རྒྱབ་སྐྱོར་རང་བཞིན་གྱི་མ་ལག་ཐག་གཅོད་ཇུས་གཞི་རྒྱུན་མཐུད་ངང་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་རམས་འདེགས་བྱེད་ཀྱི་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号