རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་རྗེས་རབས་པ་ཚོ།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་ལོ་ཡིན་ཞིང་། དམིགས་བསལ་གྱི་ལོ་འདི་ལ་ང་ཚོའི༼ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ༽ཞེས་པའི་བཅར་འདྲི་ཚོ་ཆུང་ཟླ6པའི་ཚེས25ཉིན་གྱི་ཞོགས་པར་ན་གོར་མོ་ནས་ལམ་ལ་ཆས་ཏེ། ཨ་ཆེན་གངས་རྒྱབ་ཏུ་གནས་པའི་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཕྱོགས་སུ་བསྐྱོད། དབྱར་ཟླ་དྲུག་པའི་ཨ་ཆེན་གངས་རྒྱབ་ཏུ་ད་དུང་འཁྱགས་བསིལ་བསིལ་གྱི་རླུང་བུ་ལྡང་བཞིན་ཡོད་མོད། གཡུ་འབྲུག་ས་ལ་ལྷུང་འདྲའི་ཁུ་ནུ་རི་བོའི་འདབས་རོལ་གྱི་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ཡུལ་སྐོར་བ་ཧ་ཅང་མང་ཞིང་། སྲུང་སྐྱོབ་ས་ཚིགས་ཤར་འགྲམ་གྱི་གསེར་མདོག་ལྡན་པའི་གཙོད་ཀྱི་འཇིམ་བརྐོས་དེ་ཉི་འོད་འོག་སེར་ལམ་ལམ་དུ་གནས།  

རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནི་རང་རྒྱལ་དུ་གཙོད་ལ་སྲུང་སྐྱོབ་བྱ་ཆེད་ཆེད་མངགས་བཙུགས་པའི་སྲུང་སྐྱོབ་ས་ཚིགས་ཐོག་མ་དེ་ཡིན་ཞིང་། སྲུང་སྐྱོབ་ས་ཚིགས་དེ་བཙུགས་པས་རང་རྒྱལ་གྱིས་ཨ་ཆེན་གངས་རྒྱབ་འབྱུང་ཁམས་ཁུལ་ལ་སྲུང་སྐྱོབ་བྱེད་པའི་ལེའུ་གསར་པ་ཞིག་གི་འགོ་བརྩམས་ཡོད། 

དུས་རབས20པའི་ལོ་རབས80པར། སྨྱོ་ཧམ་ཆེ་བའི་རྐུན་ཇག་གིས་གཙོད་གང་བྱུང་དུ་རྔོན་བརྒྱབ་པས། ཨ་ཆེན་གངས་རྒྱབ་ཏུ་གཙོད་ཀྱི་མགོ་གྲངས་ཁྲི20ལྷག་ཡོད་པ་ནས་གློ་བུར་དུ་ཁྲི2ཡང་མི་ཟིན་པར་གྱུར་བ་རེད། 1994ལོར། སྐབས་དེ་དུས་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡི་འགན་འཁུར་བའི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་གཙོད་ལ་སྲུང་སྐྱོབ་བྱ་ཆེད། སྨྱོ་ཧམ་ཆེ་བའི་རྐུན་ཇག་དང་འཐབ་རྩོད་བྱས་པས་རང་གི་རྩ་ཆེའི་ཚེ་སྲོག་ཀྱང་ཤོར་བ་རེད།

 ད་ལྟ་བསོད་ནམས་དར་རྒྱས་ཞེས་བཏགས་པའི་སྲུང་སྐྱོབ་ས་ཚིགས་འདིར་འབྱུང་ཁམས་བདག་སྐྱོང་མི་སྣ11ཡོད་པ་དང་། ཁོང་ཚོས་སྐོར་ཞིབ་བྱེད་པ་དང་རྐུ་རྔོན་ལ་རྒོལ་བ། གཙོད་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བཞིན་ཡོད། 

ལོ་ཟླའི་བཞུར་རྒྱུན་རིང་མོའི་ཁྲོད། འབྱུང་ཁམས་དོ་དམ་པ་མི་རབས་རེ་རེས་དཀའ་སྤྱད་དང་སྲུང་སྐྱོབ་ཚད་མེད་གནང་བས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་མགོ་གྲངས་ཡང་ཁྲི7ཡན་འཕེལ་ཡོད། 

བློ་གྲོས་དབང་ཕྱུག་ནི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་སྐོར་ཞིབ་རུ་མི་ཞིག་ཡིན་ཞིང་། ནམ་རྒྱུན་མུ་མཐའ་མེད་པའི་ཨ་ཆེན་གངས་རྒྱབ་ཏུ་ཁ་ཆར་བུ་ཡུག་ལ་མ་འཛེམ་པར་རང་གི་དཔྲལ་བའི་མིག་ལྟར་གཙོད་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ལོ་རེའི་ཟླ5པ་ནས་ཟླ8པའི་བར་གཙོད་མོ་ཕལ་ཆེ་བས་སྤྱི་ལེ་བརྒྱ་ཕྲག་ལྷག་བརྒལ་ནས་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་གཙོད་གནས་མཚེའུ་རུ་ཡོང་ནས་གཙོད་ཕྲུག་བཙས་རྗེས། གཙོད་ཕྲུག་ཁྲིད་དེ་ཕྱིར་འཚོ་སྡོད་ཁུལ་དུ་བསྐྱོད་བཞིན་ཡོད། སྐབས་དེ་དུས་གཙོད་མ་བུ་ཁ་ཐོར་དུ་འགྲོ་བའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད་པས། སྐོར་ཞིབ་རུ་མིས་གཙོད་ཕྲུག་རོགས་སྐྱོབ་ས་ཚིགས་སུ་ཁྱེར་ཡོང་ནས་གསོ་སྐྱོང་བྱེད་བཞིན་ཡོད། བློ་གྲོས་དབང་ཕྱུག་གིས་ང་ཚོས་དང་ཐོག་ཉིན་རེར་གཙོད་ཕྲུག་ལ་འོ་མ་ཐེངས་གསུམ་ལྡུད་པ་དང་། རིམ་གྱིས་འཚར་ལོངས་བྱུང་རྗེས་གཙོད་ཕྲུག་རང་བྱུང་ཁམས་སུ་འཚོ་སྡོད་བྱེད་ཐུབ་པའི་སྦྱོང་བརྡར་བྱེད་ཀྱི་ཡོད་ཅེས་བརྗོད།

སྲུང་སྐྱོབ་ས་ཚིགས་འདི་ཡི་སྐོར་ཞིབ་རུ་མི་རྣམས་ཀྱིས་གཙོད་ལ་སྲུང་སྐྱོབ་བྱེད་པ་ཕུད། ད་དུང་ཨ་ཆེན་གངས་རྒྱབ་ཏུ་གཡུགས་པའི་གད་སྙིགས་སྒྲུག་པ་དང་ཡུལ་སྐོར་བའི་རླངས་འཁོར་སྲུང་སྐྱོབ་ཁུལ་ནང་དུ་འཛུལ་རུ་མི་འཇུག་པ། ཡུལ་སྐོར་བར་ཨ་ཆེན་གངས་རྒྱབ་འབྱུང་ཁམས་ཁུལ་ལ་སྲུང་སྐྱོབ་བྱེད་པའི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་ཡོད། 

དེང་གི་ཆར། བསོད་ནམས་དར་རྒྱས་ཀྱི་རྗེས་རབས་པ་ཚོས་སྔར་མུས་བཞིན་ས་ཆ་འདིར་སྲུང་སྐྱོབ་བྱེད་པས། ཨ་ཆེན་གངས་རྒྱབ་འདི་ཉིད་མིང་དོན་མཚུངས་པའི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་བ་དང་། གཙོད་སོགས་རི་དྭགས་སྣ་ཚོགས་པ་ལྷིང་འཇགས་ཀྱི་གནས་འདིར་སྐྱེ་འཕེལ་བྱུང་སྟེ། མཚོ་བོད་གཞུང་ལམ་རྒྱུད་ཀྱི་བཀྲག་མདངས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཨ་ཆེན་གངས་རྒྱབ་ཀྱི་འབྱུང་ཁམས་སྲུང་སྐྱོབ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུར་བདེན་དཔང་ལེགས་པར་བྱེད་བཞིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号