བཟའ་ཟླ་ཕྱོགས་གཉིས་ཀས་གྲོས་མཐུན་གཉེན་འཐོར་གྱི་རེ་འདུན་ཇི་ལྟར་ཞུ་དགོས་སམ།

གྱོད་དཔེ།

བཀྲ་ཤིས་དང་སྒྲོལ་མ་གཉིས་གྲོགས་པོའི་འདུ་འཛོམས་སྟེང་ནས་ངོ་ཤེས་ཤིང་། མཛའ་གྲོགས་བསྒྲིགས་ཏེ་ལོ་ངོ་གཅིག་ཙམ་འགོར་རྗེས། དམངས་སྲིད་ཅུས་ནས་གཉེན་སྒྲིག་ཐོ་འགོད་བྱས། གཉེན་བསྒྲིགས་རྗེས་སྒྲོལ་མའི་སེམས་སུ་ཁྱོ་གས་མོར་སྔར་ལྟར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་མི་བྱེད་པར་བསམས་ནས་ཡིད་ཐང་ཆད་དེ། བཀྲ་ཤིས་དང་གྲོས་མཐུན་གཉེན་འཐོར་བྱེད་རྩིས་བྱས། བཀྲ་ཤིས་ཀྱིས་སྒྲོལ་མའི་བསམ་ཚུལ་དེ་རྟོགས་རྗེས། ཁོས་ཀྱང་སྒྲོལ་མར་སྐྱོན་ཆ་མང་པོ་ཞིག་ཡོད་པ་དྲན་ནས་མཉམ་དུ་འདུག་འདོད་མེད་པར། མོ་དང་གྲོས་མཐུན་གཉེན་འཐོར་བྱ་རྒྱུར་འཐད་པ་བྱུང་། དེ་ལྟ་ན་ཁོ་གཉིས་ཀྱིས་གྲོས་མཐུན་གཉེན་འཐོར་གྱི་རེ་འདུན་ཇི་ལྟར་ཞུ་དགོས་སམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་གྲོས་མཐུན་གཉེན་འཐོར་བྱེད་པའི་འགྲོ་རིམ་གྱི་གནད་དོན་དང་འབྲེལ་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། བཀྲ་ཤིས་དང་སྒྲོལ་མ་གཉིས་གྲོས་མཐུན་གཉེན་འཐོར་བྱེད་འདོད་ན། ཕྱོགས་གཉིས་ཀས་རང་རང་གི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ། གཉེན་སྒྲིག་དཔང་ཡིག གཉེན་འཐོར་གྲོས་མཐུན་ཡི་གེ་སོགས་རྒྱུ་ཆ་བཟུང་སྟེ་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་ནས་རེ་འདུན་ཞུ་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀ་དངོས་གནས་རང་འཐད་ཀྱིས་གཉེན་འཐོར་བྱེད་འདོད་པར་མ་ཟད། བུ་ཕྲུག་སྙོར་སྐྱོང་དང་རྒྱུ་ནོར་དང་བུ་ལོན་ཐག་གཅོད་སོགས་བྱ་བའི་ཐད་གྲོས་མཐུན་བྱུང་ཡོད་པ་རྩད་གསལ་པོ་བཅད་རྗེས། ཐོ་འགོད་བྱེད་དུ་འཇུག་དགོས་ལ། གཉེན་འཐོར་དཔང་ཡིག་སྟེར་བའི་དུས་མཚུངས་སུ་གཉེན་སྒྲིག་གི་འབྲེལ་བ་མེད་པར་གཏོང་དགོས།

འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1076པ། བཟའ་ཟླ་ཕྱོགས་གཉིས་ཀ་རང་འཐད་ཀྱིས་གཉེན་འཐོར་བྱེད་འདོད་ན། ཡིག་ངོས་ཀྱི་གཉེན་འཐོར་གྲོས་ཆིངས་འཇོག་དགོས་པར་མ་ཟད། དངོས་སུ་གཉེན་འཐོར་ཐོ་འགོད་ལས་ཁུངས་སུ་སོང་ནས་གཉེན་འཐོར་ཐོ་འགོད་རེ་ཞུ་བྱེད་དགོས།

གཉེན་འཐོར་གྲོས་ཆིངས་སྟེང་ཕྱོགས་གཉིས་ཀ་རང་འཐད་ཀྱིས་གཉེན་འཐོར་བའི་ནང་དོན་དང་བུ་ཕྲུག་སྙོར་སྐྱོང་དང་རྒྱུ་ནོར་དང་བུ་ལོན་ཐག་གཅོད་སོགས་བྱ་བའི་ཐད་གྲོས་མཐུན་བྱུང་ཡོད་པའི་བསམ་འཆར་འགོད་དགོས།

དོན་ཚན1078པ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀ་དངོས་གནས་རང་འཐད་ཀྱིས་གཉེན་འཐོར་བྱེད་འདོད་པར་མ་ཟད། བུ་ཕྲུག་སྙོར་སྐྱོང་དང་རྒྱུ་ནོར་དང་བུ་ལོན་སོགས་ཐག་གཅོད་ཐད་ལ་གྲོས་མཐུན་བྱུང་ཡོད་ན། ཐོ་འགོད་བྱེད་དུ་འཇུག་དགོས་པ་དང་གཉེན་འཐོར་དཔང་ཡིག་སྟེར་དགོས།

དོན་ཚན1080པ། གཉེན་འཐོར་ཐོ་འགོད་བྱས་ཚར་རྗེས་སམ་ཡང་ན་གཉེན་འཐོར་ཁྲུན་གཅོད་བརྡ་ཡིག་དང་འདུམ་ཁྲར་ནུས་པ་ཐོན་རྗེས། གཉེན་སྒྲིག་གི་འབྲེལ་བ་མེད་པ་གྱུར་པ་ཡིན།

ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་གཉེན་འཐོར་བྱེད་ཐབས་དང་། གཉེན་འཐོར་ཐོ་འགོད་ཀྱི་འགྲོ་རིམ་དང་གཉེན་འཐོར་ཁྲུན་གཅོད་ཀྱི་ཚད་གཞིའི་ཐད་ཀྱི་གཏན་འབེབས་རེད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། གཉེན་འཐོར་བྱེད་ཐབས་རིགས་གཉིས་སུ་བཀར་ཡོད་དེ།

(གཅིག)གྲོས་མཐུན་གཉེན་འཐོར། གྲོས་མཐུན་གཉེན་འཐོར་ནི་ཕྱོགས་གཉིས་ཀ་རང་འཐད་ཀྱིས་གཉེན་འཐོར་བྱེད་པ་ཡིན་ཏེ། གཉེན་སྒྲིག་གི་འབྲེལ་བ་དེ་དོ་བདག་ཕྱོགས་གཉིས་ཀ་མོས་མཐུན་བྱུང་བ་ལྟར་མེད་པར་བཟོ་བའི་གཉེན་འཐོར་བྱེད་ཐབས་ཤིག་རེད། གྲོས་མཐུན་གཉེན་འཐོར་གྱི་འགྲོ་རིམ་དང་པོ་ནི་རེ་ཞུ་ཡིན་ལ། དོ་བདག་པས་རང་འཐད་ཀྱིས་གཉེན་འཐོར་རྒྱུའི་རེ་ཞུ་བྱེད་ན། ངེས་པར་དུ་ཕྱོགས་གཉིས་ཀ་དངོས་སུ་ཕྱོགས་ཅིག་ཤོས་ཀྱི་ཁྱིམ་ཐོ་ཡོད་སའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་ནས་གཉེན་འཐོར་ཐོ་འགོད་རེ་ཞུ་བྱེད་དགོས། གཉིས་པ་ནི་ཞིབ་དཔྱད་ཡིན། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་དོ་བདག་པར་འབྲེལ་ཡོད་ཡིག་ཆ་བྱིན་ནས་ཞིབ་དཔྱད་ནན་མོ་བྱེད་དགོས། གསུམ་པ་ནི་ཐོ་འགོད་ཡིན། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། དོ་བདག་པ་དངོས་གནས་རང་འཐད་ཀྱིས་གཉེན་འཐོར་རྒྱུ་མ་ཟད། བུ་ཕྲུག་སྙོར་སྐྱོང་དང་རྒྱུ་ནོར་དང་བུ་ལོན་སོགས་ཀྱི་གནད་དོན་ཐད་ཀྱི་ཐག་གཅོད་བསམ་འཆར་གཅིག་མཐུན་བྱུང་ཡོད་ན། གཉེན་སྒྲིག་ཞི་ལྷོད་དུས་སྐབས་མཇུག་རྫོགས་རྗེས། གཉེན་འཐོར་དཔང་ཡིག་སྟེར་བ་དང་། དོ་བདག་ཕྱོགས་གཉིས་ཀའི་བར་གྱི་གཉེན་སྒྲིག་གི་འབྲེལ་བ་དངོས་སུ་མེད་པར་བཟོ་དགོས།

(གཉིས)གཏུག་བཤེར་གཉེན་འཐོར། གཏུག་བཤེར་གཉེན་འཐོར་ཞེས་པ་ནི་བཟའ་ཟླ་ཕྱོགས་གཉིས་ཀ་གཉེན་འཐོར་མིན་དང་ཡང་ན་རྒྱུ་ནོར་བགོ་བཤའ། བུ་ལོན་འཇལ་ཐབས། བུ་ཕྲུག་སྙོར་སྐྱོང་སོགས་ཀྱི་གནད་དོན་ཐད་བསམ་འཆར་གཅིག་མཐུན་མ་བྱུང་བས། མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་དང་། མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་རྗེས། འདུམ་སྒྲིག་དང་ཡང་ན་གཉེན་སྒྲིག་གི་འབྲེལ་བ་མེད་པར་བཟོ་བའི་ཁྲུན་ཐག་གཅོད་པའི་གཉེན་འཐོར་བྱེད་ཐབས་ཤིག་རེད། གཏུག་བཤེར་གཉེན་འཐོར་ནི་ཆེས་རྒྱུན་མཐོང་གི་བཟའ་ཟླའི་འབྲེལ་བ་མེད་པར་བཟོ་ཐབས་ཤིག་རེད། གཉེན་འབྲེལ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་ཆེད། མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་གྱོད་དོན་ཞིབ་གཅོད་བྱེད་སྐབས། སྔོན་ལ་འདུམ་སྒྲིག་བྱེད་དགོས། གལ་ཏེ་བརྩེ་དུངས་ལ་དངོས་གནས་གས་ཆག་ཤོར་ཏེ་འདུམ་སྒྲིག་བྱེད་ཐབས་མེད་ན། གཉེན་འཐོར་དུ་འཇུག་དགོས། མཉམ་འཇོག་རྒྱུ་ཞིག་ལ། དེ་སྔོན་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་། དམངས་དོན་ཁྲིམས་གཞུང་གིས་གཉེན་འཐོར་དུ་འཇུག་པའི་སྣང་ཚུལ་རིགས་གཅིག་གསར་དུ་བསྣན་ཡོད་དེ། “མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་བྱེད་མི་ཆོག་པའི་ཁྲུན་ཐག་བཅད་རྗེས། ཕྱོགས་གཉིས་ཀ་ཡང་བསྐྱར་རང་རང་ས་ནས་བསྡད་དེ་ལོ་ངོ་གཅིག་འགོར་བ་དང་། ཕྱོགས་གཅིག་གིས་ཡང་བསྐྱར་གཉེན་འཐོར་གཏུག་བཤེར་བྱས་ན། གཉེན་འཐོར་དུ་འཇུག་དགོས་སོ”། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号