རྐང་ཚའི་བྲག་བརྐོས་རི་མོ།

བྲག་བརྐོས་རི་མོ་ནི་ཡ་ཐོག་གི་འགྲོ་བ་མིའི་འཚོ་གནས་དང་འཚོ་བ་མཚོན་པའི་བརྡ་རྟགས་ཤིག་ཡིན་ལ། འགྲོ་བ་མིའི་ཆེས་གནའ་བོའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་ཡིན། དེ་ལས་ཀྱང་རིག་དངོས་ཀྱི་ཤུལ་བཞག་རིན་ཐང་བྲལ་བ་ཞིག་ཡིན་ཏེ། བསྐལ་པའི་རླུང་འཚུབ་བརྒྱུད་ནས་ཡོང་བའི་ཉམས་སྣང་དེ་ལ་ངོ་མཚར་ལྐོག་གྱུར་གྱིས་ཁེངས། རྐང་ཚའི་ཡུལ་དུ་མཐོང་བའི་བྲག་བརྐོས་ལ་སྲིབ་ཆུ་བྲག་བརྐོས་དང་ཤྭ་ལུང་བྲག་བརྐོས། ཆུ་འདལ་མ་བྲག་བརྐོས་བཅས་ཡོད་ཅིང་། དེ་དག་ནི་རྐང་ཚའི་ཆེས་གནའ་བོའི་ཟིན་བྲིས་ཡིན། 

སྲིབ་ཆུ་བྲག་བརྐོས།

སྲིབ་ཆུ་བྲག་བརྐོས་ནི་ཉྭ་ནག་སོ་མ་སྡེ་བའི་སྲིབ་ཆུ་ལུང་བའི་རི་རྩེར་རྙེད། སྲིབ་ཆུ་བྲག་བརྐོས་ནི་སྤྱི་ལོ་སྔོན་གྱི་ལོ1000ནས་སྤྱི་ལོ་སྔོན་གྱི་ལོ500ཡི་བར་དུ་བྱུང་བར་བསྙད་ལ། དེ་ཡང་ཀྲོའུ་ནུབ་མ་ནས་ཁྲུན་ཆིའུ་ཀྲན་ཀོ་བར་གྱི་དུས་སྐབས་དེ་ཡིན། 1986ལོའི་ཟླ5པའི་ཚེས27ཉིན་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཀོད། བྲག་བརྐོས་རི་མོ་དག་ནི་མཐོ་ཚད་ལ་སྨི2.8དང་ཞེང་ཚད་ལ་སྨི3.4ཡོད་པའི་བྲག་རྡོའི་སྟེང་དུ་འཁོད། ལོ་རྒྱུས་ཤིན་ཏུ་རིང་བས། རི་མོའི་ཕྱི་ངོས་ལ་འཇིག་ཉེན་ཆེན་པོ་ཐེབས་ཏེ། ད་ལྟ་རི་མོའི་སྣང་བརྙན27ཙམ་ལས་ལྷག་མེད། བྲག་བརྐོས་དེ་སྡེ་ཚན་གསུམ་དུ་དབྱེ་ཆོག་ལ། གསུམ་པོ་རྐོ་བཟོའི་ཐབས་ལ་བརྟེན་ནས་གྲུབ་པ་རེད། སྡེ་ཚན་དང་པོར་སྣང་བརྙན18མཐོང་ལ། ནང་དོན་གཙོ་བོ་ལ་ནོར་གནག་དང་ཤྭ་བ། ལུག སྐྱ་མི། ཤིང་རྟ། རྔོན་པ། བོད་ཡིག་སོགས་མཐོང་། སྡེ་ཚན་གཉིས་པར་སྣང་བརྙན6ཡོད་ཅིང་། ནང་དོན་ལ་ནོར་གནག་དང་རྔོན་པ། ལུག སྤྱང་ཀི། བྱ་གླག་སོགས་མཐོང་། སྡེ་ཚན་གསུམ་པར་སྣང་བརྙན3ཡོད་ལ། ཚང་མ་ནོར་གནག་ཡིན་པར་མ་ཟད། སྣང་བརྙན་རྐོ་བཟོ་བྱས་པ་ཞིབ་ཆ་དང་གསོན་ཉམས་ལྡན། སྲིབ་ཆུ་བྲག་བརྐོས་ཁྲོད་ཀྱི་རྟ་ལ་ཆིབས་ནས་རི་དྭགས་རྔོན་པའི་རི་མོ་དེ་ནི་དུས་རབས་འགྱུར་མཚམས་ཀྱི་རྟགས་མཚན་མཐོང་བའི་རི་མོ་ཞིག་ཡིན་ལ། གཞན་དག་ནི་ཕལ་ཆེ་བ་སྔ་མོའི་དུས་ཀྱི་བྲག་བརྐོས་རི་མོར་གཏོགས།


ཤྭ་ལུང་བྲག་བརྐོས།

ཤྭ་ལུང་བྲག་བརྐོས་ནི་རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ8ཀྱི་མཚམས་ན་ཡོད་པའི་ཤྭ་ལུང་ཁོག་ཏུ་ཡོད། 1982ལོར། གནའ་རྫས་རྟོག་དཔྱོད་པ་ཝང་ལི་ཅུན་གྱིས་ཐེངས་དང་པོར་ཤྭ་ལུང་བྲག་བརྐོས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས། དེ་ཡང་མཚོ་སྔོན་ནས་བྲག་བརྐོས་རི་མོ་རྙེད་པ་ཐེངས་དང་པོ་ཡིན་པས། མཚོ་སྔོན་གྱི་བྲག་བརྐོས་ལ་རྟོག་ཞིབ་བྱེད་པའི་སྒོ་འཕར་དང་པོ་ཕྱེས། བཤེར་འཇལ་བྱས་པ་ལྟར་ན་ཤྭ་ལུང་བྲག་བརྐོས་ནི་སྤྱི་ལོའི་དུས་རབས7པ་དང་དུས་རབས9པའི་བར་ཏེ་ཐང་རྒྱལ་རབས་སྐབས་སུ་བྱུང་བར་བཞེད། 1986ལོའི་ཟླ5པའི་ཚེས27ཉིན་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བདམས། བྲག་བརྐོས་ནི་ལུང་པའི་ནང་གི་སྨི3000མཚམས་ཀྱི་འཛེང་རྡོའི་ཐོག་ཏུ་བརྐོས་ཡོད། ཤྭ་ལུང་བྲག་བརྐོས་ནི་རྡོ་ངོས6གི་ཐོག་ཏུ་གསལ་ལ། སྡོམ་པས་རི་མོ17བརྐོས་ཡོད་པ་ཚང་མ་བརྡར་རྐོའི་ཐབས་ཀྱིས་བཟོས་པ་རེད། ནང་དོན་ལ་ནོར་ལུག་དང་ཤྭ་བ། ཕག་རྒོད། རྔ་མོང་སོགས་ཀྱི་སྣང་བརྙན་མཆིས། རི་མོ་གསལ་ལ་མི་གསལ་བའི་རྣམ་པ་ལས་ལོ་ཟླའི་རྗེས་ཤུལ་ཤིན་ཏུ་རྙིང་པ་དེ་ཚོར་བས། མི་རྣམས་ལ་ལོ་རྒྱུས་ཀྱི་ཆུ་བོ་གྱེན་དུ་ལྡོག་འདྲའི་སྣང་བ་ཞིག་དབང་མེད་དུ་སྟེར།

ཆུ་འདལ་མའི་བྲག་ལྡེབས་ཀྱི་ཡ་ཐོག་ལག་རྗེས་ཚོན་རིས་མ།

ཆུ་འདལ་མའི་བྲག་ལྡེབས་ཀྱི་བསྐལ་པ་ཡ་ཐོག་གི་ལག་རྗེས་ཚོན་རིས་མ་འདི་ནི་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་འཕན་པོ་སྡེ་བ་དང་ལུག་རྒྱུད་ར་བའི་སྟོན་སའི་འདབས་འབྲེལ་གྱི་ཁྱ་ཝོར་ཞེས་པའི་སར་གནས་ཤིང་། རྐང་ཚ་རྫོང་མཁར་དང་སྤྱི་ལེ24ཙམ་ཡོད། 

བྲག་ལྡེབས་རི་མོ་འདི་ཁྱ་ཝོར་ཕར་འཁོར་ཞེས་འབོད་པ་དེར་སྤྱིལ་བུ་ལྟར་ཐོག་ཁེབས་དང་ལྡན་པའི་ཕ་བོང་གཏོས་ཆེ་བ་མང་པོའི་བར་གསེང་ན་ཡོད་ལ། བྲག་སྤྱིལ་གྱི་མཐོ་ཚད་ལ་སྨི2.3དང་ནང་གི་ཞེང་ཆེ་སར་སྨི4.3ཙམ་གདའ། དེ་ཡང་ཆེད་མཁས་པས་བརྟག་དཔྱད་བྱས་པར། ལྡེབས་ངོས་གཅིག་ཏུ་བྲིས་པའི་རི་མོ་མང་ཆེ་བ་མིའི་ལག་རྗེས་ཏེ། རི་མོ་དེ་དག་ནི་བྲག་ལྡེབས་སུ་བརྐོས་པ་མིན་པར་ཁ་དོག་དམར་པོའི་ཚོན་གྱིས་བཏབ་པར་སྣང་ཞིང་། མི་དར་མའི་ལག་རྗེས་ཤ་སྟག་རེད། མིའི་ལག་རྗེས13ཡོད་པ་ལས། གསལ་པོར་མཐོང་བའི་ལག་རྗེས་རི་མོའི་ཁྲོད་དུ། གཡོན་ལག་གི་རྗེས་རིས4དང་གཡས་ལག་གི་རྗེས་རིས4ཡོད་པ་མ་གཏོགས། དེ་བྱིངས་ཐམས་ཅད་མ་གེ་མོག་གེར་སྣང་། ལྡེབས་ངོས་གཡས་ཕྱོགས་ཀྱི་སྟོད་དུ་གསལ་ལ་མི་གསལ་བའི་ལག་རྗེས4ཙམ་ཡོད་ལ། བགྲང་བྱ་མང་པོའི་རིང་ལ་བརླན་གྱིས་བཟུང་བའི་དབང་གིས་འགབ་ཀྱི་ལག་རྗེས2སྔོ་དྲེག་གིས་ཟིན་ཏེ་སོར་མོ་མ་གཏོགས་མཐོང་དུ་མེད། ལག་རྗེས་རི་མོ་དེ་དག་ཀྱང་མང་ཆེ་བ་ལྡེབས་ངོས་ཀྱི་གཡོན་ཕྱོགས་སུ་ཡོད། ལྡེབས་དབུས་ཀྱི་འགབ་ཏུ་སྐྱ་རིས་ལྟ་བུར་བྲིས་པའི་མིའི་གཟུགས་རིས་གཉིས་ཡོད་པ་དེ་ནི། ཁ་མདུན་ལ་ཕྱོགས་ཤིང་ལག་ཟུང་ཐུར་དུ་བརྐྱངས་ཏེ་དྲང་མོར་འགྲེང་བའི་མི་གཉིས་ཀྱི་གཟུགས་རིས་ཡིན་ཞིང་འདོམས་ཀྱི་ཐད་སོར་ཐིག་རིས་ཐུང་ངུ་ཞིག་བྲིས་པ་དེས་ལིངྒ་མཚོན་པ་འདྲ། གཟུགས་རིས་དེའི་སྟེང་ཕྱོགས་ན་གཤོག་པ་ལྟ་བུའི་གཟུགས་རིས་ཤིག་ཡོད། ལྡེབས་དབུས་སུ་མིའི་གཟུགས་རིས་ཅུང་ཆེ་བ་ཞིག་ཀྱང་སྐྱ་རིས་ལྟ་བུར་བྲིས་འདུག

སྤྱིར་ན་བྲག་ལྡེབས་ཀྱི་ལག་རྗེས་རི་མོ་ནི་འཛམ་གླིང་ཧྲིལ་པོར་ཁྱབ་པ་ཞིག་ཡིན་མོད། མདོ་དབུས་མཐོ་སྒང་གི་བྲག་ལྡེབས་རི་མོ་ལ་དམིགས་བསལ་གྱི་ཁྱད་ཆོས་རང་ཆས་སུ་མངའ་སྟེ། རི་མོ་དེ་དག་གི་ཁྲོད་དུ་ནོར་གནག་དང་ཤྭ་བ། བྱ་གླག་སོགས་མཐོ་སྒང་གི་སྒོ་ཕྱུགས་དང་རི་དྭགས་དང་འདབ་ཆགས་སོགས་ཀྱི་གཟུགས་རིས་བྲིས་ཡོད། མདོར་ན་རྐང་ཚའི་ཡུལ་དུ་བསྐལ་པ་ཡ་ཐོག་གི་ལག་རྗེས་རི་མོ་འདི་གསར་རྙེད་བྱུང་བ་དེས། མདོ་དབུས་མཐོ་སྒང་འདིར་དེ་སྔ་ཡ་ཐོག་ལག་རྗེས་རི་མོ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་ཡིན་ལ། རྐང་ཚའི་ཆུ་འདལ་མའི་བྲག་ལྡེབས་ཀྱི་རི་མོ་འདིའི་མཚོན་ཐབས་དང་གོ་དོན་ལ་བརྟག་ཅིང་དཔྱད་ཚེ། འདི་ནི་བསྐལ་པ་ཡ་ཐོག་གི་དུས་སུ་བྲིས་པ་ཡིན་པར་འདོད་ཅིང་། མདོ་དབུས་མཐོ་སྒང་གི་ཡ་ཐོག་བྲག་རིས་སྒྱུ་རྩལ་ལ་ཞིབ་འཇུག་བགྱི་བར་རིན་ཐང་ཆེན་པོ་ལྡན་པར་མ་ཟད། རིག་གཞུང་ཞིབ་འཇུག་གི་ཐད་ལ་ཡང་རིན་ཐང་གཞལ་དུ་མེད་པ་མཆིས་སོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号