འོམ་ཆུ་གསེར་ཉའི་གཞིས་ཁྱིམ།

མཚོ་སྔོན་པོ་ནི་ཡིན་པ་རྒྱ་མཚོར་བཞུར་བའི་མཚེའུ་ཞིག་ཡིན་ནའང་། ས་ཤུན་གྱི་འགུལ་སྐྱོད་དབང་གིས་སྐམ་སའི་ནང་གི་མཚེའུ་ཞིག་ཏུ་གྱུར། མཚོ་སྔོན་པོའི་གསེར་ཉའི་མེས་པོའང་ཡིན་པ་གནའ་བོའི་ཁྲབ་ཤུན་དང་ལྡན་པའི་རྨ་ཆུའི་འདམ་ཉ་ཡིན་མོད། ལོ་ཟླའི་འཕེལ་འགྱུར་མང་པོ་བརྒྱུད་ཅིང་རང་བྱུང་གི་འགྲན་རྩོད་ལས་བརྒལ་མཐར། གཞི་ནས་མཚོ་སྔོན་པོའི་ཚྭ་ཆུར་གནས་ཐུབ་པར་གྱུར་ཏེ། མཚོ་སྔོན་པོའི་ནང་གི་མཐོ་སྒང་གྲང་འཁྱག་ལ་གནས་པའི་ཉ་རིགས་གཅིག་པུར་གྱུར། 2004ལོར《ཀྲུང་གོའི་དངོས་རིགས་ཀྱི་མིང་ཐོ་དམར་པོའི》ཁྲོད་འཇིག་ཉེན་ཆེ་བའི་སྲོག་ཆགས་ཀྱི་གྲས་སུ་བཀོད།


ལོ་རེའི་ལྔ་པའི་ཚེས་ལྔ་ནི་གསེར་ཉ་ཆུ་མགོར་ལོག་པའི་དུས་ཡིན། མཚོ་སྔོན་པོའི་གསེར་ཉ་ཆུ་མགོར་སྒོ་ང་གཏོང་དུ་འགྲོ་ཞིང་། རྐང་ཚའི་ཆུ་བོ་ཆེན་པོ་ལྔ་བོར“ཆུ་དྭངས་མོ་མར་ལ་བཞུར་ཞིང་ཉ་གསེར་མིག་ཡར་ལ་འཁྱུག་པ”ཡི་བརྗིད་ཉམས་མཐོང་ཐུབ། དེ་ལས་འོམ་ཆུ་གསེར་ཉ་གླིང་དང་མཚོ་འཁྱིལ་ཆུ་བོ་གཉིས་ཀྱི་རྣམ་པ་ལ་ལྷག་པར་བརྗིད་ཉམས་ཆེ། གསེར་ཉ་ཆུ་མགོར་ལོག་པ་ནི་འཛམ་གླིང་གི་ཉ་རིགས་ཆུ་མགོར་ལོག་པའི་ངོ་མཚར་ཉམས་སྣང་གསུམ་གྱི་ཡ་གྱལ་དུ་བགྲང་། གཞན་དུ་གསེར་ཉ་ཆུ་མགོར་ལོག་པ་དང་ཁྲ་ཀན་མཚེའུ་ཡི་དགུན་རྔོན། ཆན་ཐང་གཙང་པོའི་རླབས་རྒྱུན་བཅས་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐྱེ་ཁམས་ཐད་གཏོང་གྲགས་ཅན་གསུམ་དུ་བགྲང་། འོམ་ཆུ་གསེར་ཉ་གླིང་ནི2017ལོའི་ཟླ12པར་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་དུ་བདམས་ཤིང་། ལོ་རེའི་མཚོ་སྔོན་པོའི་ཉ་གཟིགས་སྲོག་བླུའི་དུས་ཆེན་གནས་དེར་སྤེལ་བཞིན་ཡོད།

དུས་རབས་གོང་མར་རྒྱུ་རྐྱེན་སྣ་མང་གི་རྐྱེན་གྱིས་གསེར་ཉའི་ཐོན་ཁུངས་ལ་ཉམས་དམས་ཆེན་པོ་བྱུང་བས། མཚོ་སྔོན་ཞིང་ཆེན་གྱིས་གསེར་ཉ་སྲུང་སྐྱོབ་ཀྱི་སྲིད་ཇུས་རབས་དང་རིམ་པ་ལག་བསྟར་བྱས། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱང2002ལོའི་ཏུན2952ནས་མིག་སྔའི་ཏུན་ཁྲི11ལྷག་ལ་འཕེལ་བས། གསེར་ཉའི་ཐོན་ཁུངས་མྱུར་བར་སླར་གསོ་བྱུང་།


གསེར་ཉ་ནི་ཉེ་འབྲེལ་མཉམ་གནས་ཀྱི་རྣམ་པས་མཚོ་འགྲམ་གྱི་ཆུ་བོ་དག་ལ་འཚོ་ཞིང་། རྒྱུན་གཏན་དུ་བཞུར་བའི་ཆུ་བོའི་ནང་དུའང་ཉ་སྒོང་གཏོང་བས། རིམ་བཞིན་གསེར་ཉའི་ཁ་དོག་ལའང་ཁྱད་པར་བྱུང་བ་རེད། ས་གནས་རང་གི་མིས་མཚོ་སྔོན་པོའི་གསེར་ཉ་ལ་གསེར་ཉ་ཁ་དཀར་དང་རྒྱབ་ཁྲ། མཐིང་སྔོན། གསེར་ཉ་སེར་པོ་དང་ནག་པོ་བཅས་རིགས་ལྔར་ཕྱེ་ཡོད།

1960ལོ་ནས1962ལོའི་རང་བྱུང་གནོད་འཚེ་བྱུང་བའི་ལོ་གསུམ་གྱི་རིང་། གསེར་ཉས་མི་མང་པོ་སྲོག་ཉེན་ལས་བསྐྱབས་མྱོང་། རྒྱལ་ཁབ་ཀྱིས“མདེལ་གཉིས་སྐར་གཅིག”བཟོ་སྐབས་མཚོ་སྔོན་པོའི་འགྲམ་ནས་རྒྱལ་གཉེར་ཉ་ར5བཙུགས་ཏེ། ཞིབ་འཇུག་རྟེན་གཞིའི་འཚོ་བའི་འགན་སྲུང་གཙོ་བོ་ཞིག་ཏུ་གྱུར། དེ་བས་གསེར་ཉའི་ཐོན་ཁུངས་ཀྱིས་རྒྱལ་སྲུང་འཛུགས་སྐྲུན་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པར་བསྙད་ཆོག་ཆོག་ཡིན། མཚོ་སྔོན་པོ་དང་གསེར་ཉར་སྲུང་སྐྱོབ་བྱེད་པ་དེ་ནི་མཚོ་སྔོན་ཡོངས་དང་། ནང་སྒོས་སུ་རྐང་ཚའི་གཟི་བརྗིད་ཅིག་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号