རྟ་ཕྱུག་གཏེར་སྒོའི་སྐྱེ་ཁམས་ཉམས་ལེན་ས་ཁུལ།

རྟ་ཕྱུག་གཏེར་སྒོའི་སྐྱེ་ཁམས་ཉམས་ལེན་ས་ཁུལ་ནི་མཚོ་སྔོན་པོ་བྱང་འགྲམ་གྱི་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་རུ་ཡོད་ལ། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དང་སྤྱི་ལེ221གིས་ཆོད། མཚོ་མཐའི་བྲག་ཁ་དང་པོ་དང་མཚོ་གཏེར་འབུལ་སྟེགས་དང་ཏཱ་ལའི་ཆུ་མིག་བཅས་ཀྱིས་གྲུབ། དེ་ནི་མཚོ་སྔོན་པོའི་གདོད་མའི་མཛེས་ལྗོངས་ལ་ལྟ་ས་དང་མཚོ་སྔོན་པོའི་མཚོ་གཏེར་འབུལ་བའི་རིག་གནས་ལ་མྱོང་རོལ་བྱེད་ས། ས་ཁུལ་གྱི་མི་རིགས་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་སའི་གནས་མཆོག་ཅིག་ཡིན།

ལོ་རྒྱུས་ཐོག་ཏུ་མཚོ་སྔོན་པོར་ལྷ་མཚོ་རུ་བསྙད་ལ། “མཚོ་གཏེར་འབུལ་བ”ཡི་སྲོལ་དེ་ཡང་རབས་རེ་རེའི་དབང་སྒྱུར་པ་རྣམས་ཀྱི་ཆོས་སྲིད་བྱ་འགུལ་ཞིག་ཡིན། ཐང་རྒྱལ་རབས་ནས་མིང་རྒྱལ་རབས་བར་དུ། མཚོ་སྔོན་པོར་མཚོ་གཏེར་འབུལ་བ་ནི“རྒྱང་མཆོད”ཀྱི་རིགས་སུ་གཏོགས། རྒྱང་མཆོད་ཅེས་པ་ནི་ཐག་རིང་རྒྱལ་ས་ནས་མཆོད་སྟེགས་བཙུགས་ཏེ་མཚོ་སྔོན་པོའི་ཕྱོགས་ལ་མཆོད་པ་འབུལ་བ་ཞིག་ཡིན། གུ་ཤྲི་ཧན་གྱིས་མཚོ་གཏེར་ཕུལ་ནས་མནའ་འབྲེལ་བཙུགས་ཤིང་། ཡུང་ཀྲིན་གྱི་ཁྲི་ལོ་བཞི་པའི(1726ལོ)ཟླ3པ་ནས་གཞུང་ཕྱོགས་ཀྱི་མཚོ་གཏེར་འབུལ་བའི་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས། 1948ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞིར་བསྡད་པའི་མཱ་པུའུ་ཧྥང་གིས་རྐང་ཚའི་སྟོང་དཔོན་དཔལ་བཟང་ལས་སྣེར་ཆེད་བསྐོས་ཀྱིས། སོག་བོད་ཀྱི་དཔོན་རིགས་མང་པོ་རྩ་འཛུགས་ཐོག་མཚོ་གཏེར་འབུལ་བའི་བྱེད་སྒོ་སྤེལ། 1949ལོར་བཅིངས་འགྲོལ་མ་བྱས་གོང་གི་བྱེད་སྒོ་ཆེས་མཐའ་མ་དེ་སྤེལ། དུས་རབས་གོང་མའི་ལོ་རབས80པར། རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་དང་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་སོགས་བླ་ཆེན་མང་པོ་དངོས་སུ་ཕེབས་ཏེ་རྟ་ཕྱུག་ལབ་ཙེའི་ཁ་ནས་མཚོ་གཏེར་འབུལ་བའི་བྱེད་སྒོར་དབུ་འཛིན་མཛད་པས། རྐང་ཚའི་སྟོང་དཔོན་དཔལ་བཟང་གི་རྗེས་ནས་དུས་རབས་ཕྱེད་ཀྱི་རིང་ལ་མཚམས་ཆད་པའི་བྱེད་སྒོ་དེ་གཞི་ནས་རྒྱུན་སྐྱོང་ཐུབ་པར་གྱུར། ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡོད་པའི་ཀླུ་མཆོད་ཀྱི་བྱེད་སྒོ་འདི་ལ་གཞུང་དམངས་གཉིས་ནས་མཆོད་ལུགས་སྣ་ཚོགས་ཐོན་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་སུ་ཆོ་ག་འདི་ལ་མཆོད་ལུགས་གོ་རིམ་ཤིན་ཏུ་མང་པོ་བཟོས་ཡོད་ནའང་། མིག་སྔར་དམངས་ཁྲོད་ཀྱི་མཚོ་གཏེར་འབུལ་སྲོལ་ལ་གཏེར་བུམ་བཟོ་བ་དང་ལབ་ཙེ་བསྟོད་པ། ལྷ་བསང་མཆོད་པ། བསང་མཆོད་འདོན་པ། རླུང་རྟ་སྤུར་བ། གཏེར་བུམ་འབུལ་བ་སོགས་ཀྱི་གོ་རིམ་མཆིས།

ཆིང་གོང་མ་ཧྲུན་ཀྲིས1652ལོར་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་པེ་ཅིང་དུ་གདན་དྲངས་ཤིང་ལམ་ཁར་མཇལ་བའི་ཟོལ་གྱིས་ཕེབས་བསུ་ཞུས། 1653ལོར་རྒྱལ་དབང་ལྔ་པས་གསེར་ཐམ་དང་འཇའ་ས་བཞེས་ཏེ་ཕྱིར་བོད་དུ་ལོག་ཕེབས་གནང་བའི་ལམ་དུ་རྐང་ཚ་བརྒྱུད་སྐབས། མཚོ་སྔོན་པོའི་འགྲམ་ནས་རྟ་ནོར་ཁྲོམ་རྭ་གསུམ་གྱི་ལབ་ཙེ་བཞེངས་ཤིང་། ལབ་ཙེ་རེའི་བར་དུ་རྟ་ལམ་ཉིན་གཅིག་གིས་ཆོད། རྟ་ཕྱུག་ལབ་ཙེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། 

ཏཱ་ལའི་ཆུ་མིག་ནི་རྟ་ཕྱུག་ལབ་ཙེའི་བྱང་ཕྱོགས་སུ་ཡོད། ངག་རྒྱུན་ལ་རྒྱལ་དབང་ལྔ་པ་པེ་ཅིན་ནས་བོད་དུ་ལོག་ཕེབས་གནང་སྐབས། གནས་འདིར་སྒར་བཏབ་སྟེ་ཞག་བཞུགས་གནང་མྱོང་། ལམ་ཐག་རིང་བས་མི་རྟ་གཉིས་ཀ་སྐུ་ངལ་བར་གྱུར་པའི་ཐོག་ལ། མཚོ་འགྲམ་དུ་འཐུང་ཆུའང་མེད་པས་སྐོམ་གདུང་མ་བཟོད་པར་ཚྭ་ཆུ་འཐུངས་ཏེ་ལྟོ་བ་བཤལ། སྐབས་དེའི་དུས་ན་རྒྱལ་དབང་ལྔ་པའི་ཆིབས་རྟ་དཀར་པོས་འཚེར་སྐད་དང་བཅས་ཏེ་ཀེག་ལངས་བྱས་ཤིང་། རྨིག་པ་ས་ལ་བརྡབས་པའི་ཤུལ་ནས་ཆུ་མིག་ཐོལ་ཐོལ་དུ་བརྡོལ་བས། མི་རྟ་གཉིས་ཀྱི་སྐོམ་གདུང་སེལ་བ་བྱུང་། མི་རྣམས་ཀྱིས་རྒྱལ་དབང་ལྔ་པའི་སྐུ་དྲིན་གསོ་ཕྱིར་ཆུ་མིག་དེ་ལ་ཏཱ་ལའི་ཆུ་མིག་ཅེས་འབོད། ད་ལྟའང་ཉེ་འགྲམ་གྱི་བོད་པ་ཚོས་གནམ་གང་སྐྱ་རེངས་ཀྱི་དུས་ལ་ཁྱིམ་གྱི་ཆུ་ལྷག་གཙང་མར་བྱོ་ནས། ཆུ་མིག་ཁར་ཆུ་ལེན་དུ་འགྲོ་སྲོལ་ཡོད། དེས་ནངས་སྐྱ་རེངས་ཀྱི་དུས་སྔ་མོས་རྟེན་འབྲེལ་གྱི་ཐོག་མ་མཚོན་ཞིང་། གནམ་གང་གིས་ལོ་རྙིང་པ་ཕར་སྐྱེལ་ནས་ལོ་གསར་པ་ཚུར་བསུ་བ་མཚོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号