ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་ཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


     ཟླ8པའི་ཚེས14ཉིན། ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཕྱོགས་ཡོངས་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་གཞི་རྩའི་རྩ་དོན་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས། ཞིང་ཆེན་ཏང་ཨུའི་དམག་དོན་གྲོས་མོལ་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་གནས་བབ་གསར་བའི་འོག་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་ཇེ་ལེགས་སུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་དམག་དཔུང་དང་ས་གནས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།

     ཤ་བོ་སྐྱབས་ཀྱིས་ན་ནིང་ནས་བཟུང་ཁུལ་ཡོངས་ཀྱི་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམག་ཁུལ་གྱི་བྱ་བའི་བླང་བྱ་གཞིར་བཟུང་། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་དང་འགན་ནུས་དང་ལས་འགན་ལ་དམ་པོར་དམིགས་ནས་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་ཅིང་། མཚོ་བྱང་ཡན་ལག་དམག་ཁུལ་དང་ཁུལ་དུ་བཅའ་སྡོད་བྱས་པའི་དཔུང་སྡེས་མཁོ་བསྟུན་ཉེན་སེལ་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་ལས་འགན་ཧུར་ཐག་སྒོས་འཁུར་བ་དང་། ལྷག་པར་དུ་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོའི་ཁྲོད་ཁུལ་དུ་བཅའ་སྡོད་བྱས་པའི་རྒྱ་ཆེའི་དཔོན་དམག་ཚོས་བཀའ་རྒྱ་དང་ལེན་དང་བཀོད་འདོམས་ལ་ཉན་པ། ཧུར་ཐག་སྒོས་ཞུགས་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ལ་མཐོང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག འགན་འཁུར་ཕོད་པ་བཅས་ཀྱི་ལག་བསྟར་ནུས་པ་གང་ལེགས་སྒོས་མངོན་པ་དང་། མི་དམངས་དམག་དཔུང་གིས་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་སྣང་བརྙན་བཟང་པོ་གང་ལེགས་ཀྱིས་མངོན་ཡོད་པར་བསྟན།

     ཤ་བོ་སྐྱབས་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་བརྟན་པོར་སྲུང་བ་དང་། ཁུལ་ཡོངས་ཀྱི་དམག་དཔུང་དང་ས་གནས་རིམ་པ་སོ་སོའི་ཏང་ཨུས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློའི་ཁ་ཕྱོགས་ཀྱི་གཏན་འཁེལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཉེ་ཆར་སྤེལ་ལ་ཉེ་བའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ངེས་པ་དོན་གྱིས་སློབ་སྦྱོང་དང་ཤེས་རྟོགས། ཡིད་ཆེས། བཀོལ་སྤྱོད་བཅས་བྱེད་པའི་བླང་བྱ་ལྟར་སློབ་སྦྱོང་དང་ཤེས་རྟོགས། ཚད་ལྡན། ཏན་ཏིག་བཅས་བྱ་རྒྱུའི་ཐད་འབད་བརྩོན་བྱས་ནས་བློ་དཀར་དང་དད་སེམས་ཐད་གྲུབ་འབྲས་ཐོབ་པར་བྱས་ཏེ་ཧ་ཅང་བློ་དཀར་ཞིང་ལྷད་མེད་པ། བློ་གཏད་ཆོག་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ཅིག་ཆགས་པར་བྱེད་དགོས་ཤིང་། དངོས་འཐབ་དམག་སྦྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་ནས། རང་འགུལ་ངང་དམག་སྦྱོང་དམག་གྲབས་དེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞག་སྟེ་རྒྱལ་སྲུང་སྐུལ་སློང་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་། འགན་ནུས་དང་ལས་འགན་ཁག་བགོས་གཞིར་བཟུང་རྒྱུན་རྣམ་གྱི་དངོས་འཐབ་རང་བཞིན་གྱི་སྦྱོང་བརྡར་བྱེད་དགོས། དམག་དཔུང་དང་ས་གནས་ཀྱིས་ལག་གདང་སྦྲེལ་ནས་ཁུལ་དར་དམག་དར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། དམར་དམག་ནུབ་ལམ་དམག་དཔུང་བཅིངས་འགྲོལ་དམག་གི་ཅུན་གཉིས་པའི་དྲན་གསོ་ཁང་དང་དུས་རབས་ཀྱི་མིག་དཔེའི་དྲན་གསོ་ཁང་སོགས་ཀྱི་གཡུལ་ས་གང་ལེགས་སྒོས་སྤྱད་དེ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་རྒྱལ་སྲུང་ལ་དོ་ཁུར་དང་རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཀྱི་རང་རྟོགས་ཤིག་ཏུ་འགྱུར་བར་བྱེད་དགོས་ལ། དམག་དམངས་མཉམ་སྐྱོང་གི་བྱ་བ་གཏིང་ཟབ་ཏུ་བཏང་ནས་དམག་མི་དང་དམག་མིའི་ནང་མི་སྔོན་ལ་འཇོག་པའི་བྱེད་ཐབས་སྔར་བས་དོན་འཁྱོལ་བྱེད་པ་དང་། གནས་བབ་གསར་པའི་འོག་གི་ལས་སྒྱུར་དམག་མི་བཀོད་སྒྲིག་དང་དམག་མིའི་ནང་མིའི་ལས་ཞུགས། བུ་ཕྲུག་སློབ་ཞུགས་སོགས་ཐད་ཀྱི་གཟིགས་སྐྱོང་བྱེད་ཐབས་ལ་ཞིབ་འཇུག་དང་དོན་འཁྱོལ་བྱས་ཏེ། དཔོན་དམག་གི་སེམས་ཁྲལ་སེལ་གང་ཐུབ་བྱེད་དགོས། དེ་དང་ཆབས་ཅིག དཔུང་སྡེའི་དཔོན་དམག་དང་རྒྱ་ཆེའི་དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དཔལ་འབྱོར་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། དཀའ་ཞིང་ཉེན་ཁ་ཆེ་ལ་ལས་འགན་ལྕི་མོ་སོགས་ཀྱི་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་ནང་ཧུར་ཐག་གིས་ཞུགས་པ་དང་། ཉེན་སེལ་གེགས་སེལ་དང་མཁོ་བསྟུན་རོགས་སྐྱོབ་སོགས་དཀའ་ཞིང་ཉེན་ཁ་ཆེ་བའི་ལས་འགན་ནང་ཕྱོགས་ཡོངས་ནས་ཞུགས་ཏེ་སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།

     ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། སུང་ཞུག་ཙུང་། སངས་འབུམ། ལའེ་མིང་། སི་ཅི་ཧྲིན། ལིའུ་ཏུང་། ལི་ཞང་། ལི་ཞང་ཏུང་། དེ་བཞིན་མདོ་ལ་རྫོང་དང་རྐང་ཚ་རྫོང་གི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་རྫོང་བཞིའི་མི་དམངས་དྲག་ཆས་པུའུ། ཁུལ་དུ་བཅའ་སྡོད་བྱས་པའི་འབྲེལ་ཡོད་དཔུང་སྡེའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号