རྐང་ཚ་རྫོང་གིས་རྩལ་ནུས་གསོ་སྦྱོང་ལས་རོང་འབྲོག་པའི་རང་བརྟེན་ལས་གཏོད་མངོན་འགྱུར་བྱས།

ཉེ་ཆར། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རོང་འབྲོག་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་སྐྱོད་སྐབས་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ལག་རྩལ་སློབ་སྦྱོང་བྱེད་བཞིན་ཡོད་པ་མཐོང་བྱུང་། ལག་རྩལ་སྦྱང་མཁན་ཞིག་གིས་བཤད་རྒྱུར།  “འདི་ནས་ངས་རིན་མེད་ངང་ལག་རྩལ་སྣ་གཅིག་སྦྱངས་བཞིན་ཡོད། མ་འོངས་པར་ལས་ཀ་བཙལ་བར་སེམས་ཁྲལ་བྱེད་མི་དགོས།    སྲིད་གཞུང་གིས་སྟེགས་བུ་འདི་འདྲ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ”ཞེས་བཤད། 

བཟོ་ཁང་དུ་སློབ་མ་རྣམས་ཀྱིས་འཚེམ་འཁོར་བེད་སྤྱོད་གཏོང་བཞིན་ཡོད། རྐང་ཚའི་བོད་ལྭའི་བཟོ་སྟངས་ལ་ཧ་ཅང་བྱང་ཆུབ་པོ་འདུག རྐང་ཚའི་བོད་ལྭ་བཟོ་བའི་མཚོན་ཚུལ་ཞིབ་ཕྲ་ནི་རྒྱུ་ཆ་འདེམས་པ་དང་རས་གཅོད་པ། བཟོ་ལྟ་བཟོ་བ་དང་སྡེབ་སྒྲིག་སོགས་ཡིན་པ་དང་། དེའི་ཁྱད་ཆོས་ནི་དྲོད་སྲུང་ལྡན་ལ་ལུས་ལ་ཡང་བདེ་བ་ཡིན།  བོད་ལྭ་ཞིག་བཟོ་བར་ལུས་ལ་ཚད་པ་ནས་རས་གཅོད་པ་སོགས་ཀྱི་བར་བཟོ་ཚགས་གང་མང་ཞིག་བརྒྱུད་དགོས་ཤིང་། ལས་རིམ་ཚང་མ་ཧ་ཅང་ཞིབ་ཚགས་ཡིན་དགོས།     

གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་རིང་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྐང་ཚ་རྫོང་རོང་འབྲོག་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལྟེ་གནས(གཤམ་དུ་རྐང་ཚ་རྫོང་གསོ་སྦྱོང་ལྟེ་གནས་ཞེས་བསྡུ་རྒྱུ)དེ2012ལོར་བཙུགས་པ་དང་། 2015ལོར་གསར་དུ་བཙུགས་རྗེས་ས་ཆ་བཟུང་ཚད་སྨི་གྲུ་བཞི་མ2370ཟིན་ཡོད། གཙོ་བོ་རོང་འབྲོག་པའི་ལག་རྩལ་ཤེས་ལྡན་པའི་བྱང་ཚད་མཐོ་རུ་བཏང་ནས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ལ་ཤུགས་སྣོན་དང་རོང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་མགྱོགས་མྱུར་གཞན་སྒྱུར་བྱས་ཏེ། “རིག་གནས་ཡོད་པ་དང་ལག་རྩལ་ཤེས་པ། གཉེར་སྐྱོང་ལ་མཁས་པ”བཅས་ཀྱི་མང་ཚོགས་ཁག་ཅིག་སྐྱེད་སྲིད་བྱས་ཡོད། དེ་ནི་ཁོམ་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ་ཁྱིམ་ཚང་གི་རྒྱུ་ནོར་བདག་གཉེར་སོགས་འཚོ་བའི་རྩལ་ནུས་གཙོ་བོར་བྱེད་པའི་དམའ་རིམ་གསོ་སྦྱོང་འཛིན་གྲྭ་དང་། ཟས་རིགས་གཡོས་སྦྱོར་དང་འཚེམ་བཟོ་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གཙོ་བོར་བྱེད་པའི་འབྲིང་རིམ་གསོ་སྦྱོང་འཛིན་གྲྭ། དེ་མིན་ཁ་ལོ་བའི་གསོ་སྦྱོང་དང་འཕྲུལ་ཆས་ཞིག་གསོ་སོགས་ལག་རྩལ་རྩལ་ནུས་གཙོ་བོར་བྱེད་པའི་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་བཅས་གཉེར་བཞིན་ཡོད་ལ། ཟླ་བ་གཅིག་གི་དུས་ཐུང་གསོ་སྦྱོང་བརྒྱུད་ནས་རོང་འབྲོག་མང་ཚོགས་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད།

རོང་འབྲོག་མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པོ་ཞུ་ཆེད། རྐང་ཚ་རྫོང་གིས་ཉམས་མྱོང་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་ནས་གསོ་སྦྱོང་ལྟེ་གནས་དེ་རིམ་བཞིན་ཚད་ལྡན་ཅན་དང་ཚན་རིག་ཅན།  ཚད་མཐུན་ཅན་བཅས་ཀྱི་ལམ་བུའི་སྟེང་བསྐྱོད་དེ། འབྲོག་ཁུལ་གྱི་ཁྱད་ཆོས་དང་རྐང་ཚའི་ཁྱད་ཆོས་ལྡན་པའི་རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་སྟངས་གསར་པ་ཞིག་ཆགས་ཡོད། ཚེ་འབུམ་རྒྱལ་གྱིས་འདི་སྐད། ང་ཚོས་གསོ་སྦྱོང་རྩ་གནད་དང་གསོ་སྦྱོང་འཆར་གཞི་དང་དོ་དམ་ལམ་ལུགས། གསོ་སྦྱོང་ལམ་ལུགས། སློབ་མའི་སྲུང་བྱ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཚན་རིག་དང་མཐུན་པའི་ངང་བཟོས་པ་མ་ཟད། གསོ་སྦྱོང་སློབ་ཚན་ཕུན་སུམ་ཚོགས་པོ་ཡོད་ལ། ད་དུང་སློབ་ཆེན་སློབ་མའི་ལྟ་སྦྱོང་ལས་གནས་ཀྱང་བཀོད་སྒྲིག་བྱས་ནས་དགེ་རྒན་སློབ་ཁྲིད་དང་གསོ་སྦྱོང་ནང་དོན་ཁག་ཚང་མར་ཆེད་ལས་ཀྱི་ལག་རྩལ་མི་སྣས་ཡུལ་དངོས་ནས་མཛུབ་ཁྲིད་བྱེད་པ་མ་ཟད།    ཞིང་ཆེན་ཕྱི་ནང་ནས་འབྲེལ་ཡོད་ཆེད་ལས་མཛུབ་ཁྲིད་དགེ་རྒན་གདན་དྲངས་ཏེ་སློབ་ཁྲིད་བྱས་ནས་གསོ་སྦྱོང་གི་སྤུས་ཚད་འགན་ལེན་བྱས་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། རྐང་ཚ་རྫོང་གསོ་སྦྱོང་ལྟེ་གནས་བཙུགས་ཚུན་དུ། རོང་འབྲོག་པའི་དུས་ཐུང་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས117གཉེར་བ་དང་གསོ་སྦྱོང་མི་སྣ་མི་ཐེངས7589སླེབས་ནས་མི4554ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་ཡོད། མི230ལྷག་གིས་བོད་ཟས་ཟ་ཁང་དང་ཡུལ་སྐོར་ཐོན་རྫས་ཚོང་ཁང་། བཟོ་ཁང་། མཉམ་ལས་ཁང་སོགས་བཙུགས་ནས་རང་བརྟེན་ལས་གཏོད་ཐུབ་ཡོད། 

ཚེ་འབུམ་རྒྱལ་གྱིས་འདི་སྐད། “སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མང་པོ་ཞིག་རིམ་བཞིན་ཉམས་བཞིན་ཡོད། ང་ཚོས་ཕྱོགས་གཅིག་ནས་རྩལ་ནུས་གསོ་སྦྱོང་བྱས་ཚེ་ལས་ཞུགས་ལ་སྐུལ་མ་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号