གྲོང་གསེབ་ཐོན་ལས་ཤ་མོ་བརྡོལ་བཞིན་བྱུང་། ཞིང་པའི་ཡོང་སྒོ་དབྱར་མཚོའི་དཔལ་བཞིན་རྒྱས།

སྟོན་མཉམ་གྱི་དུས་ཚིགས་འདིར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་མདའ་བཞི་བུ་རྒོད་སྡེ་བར་བསྐྱོད་པ་ན། སྡེ་བའི་ནང་གི་ཕྲེང་སྒྲིག་པའི་དེང་རབས་ཀྱི་སྡོད་ཁང་རྣམས་གྲལ་མི་འགྲིག་ན་ཡང་མཛེས་པའི་རྣམ་པ་གཞན་ཞིག་མངོན་འདུག ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྩྭ་རར་བག་ཡངས་སུ་རྒྱུ་བཞིན་ཡོད་པ་དང་། ཡངས་ཤིང་སྙོམས་པའི་སྡེ་བའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་འབྲེལ་ཞིང་། “ཏང་གི་བཀའ་ལ་ཉན། ཏང་གི་བཀའ་དྲིན་དྲན། ཏང་གི་རྗེས་སུ་འབྲང”ཞེས་པའི་ཡིག་འབྲུ་ཆེན་པོ་དག་ཞོགས་པའི་ཉི་ཟེར་གྱི་ཀློང་ན་འོད་ལམ་ལམ་བྱེད།

མདའ་བཞི་བུ་རྒོད་སྡེ་བ་ནི། མཚོ་སྔོན་པོའི་བྱང་འགྲམ་དུ་གནས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་སྡེ་བ་ཡིན། “སྔོན་ཆད་མདའ་བཞི་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ནི་སྲོལ་རྒྱུན་གྱི་གསོ་སྤེལ་ལས་རིགས་དང་ནོར་ལུག་འཚོང་བ་ཁོ་ནར་བརྟེན་པ་ཡིན་ལ། བག་ལ་ཉལ་བའི་ནུས་ཁུངས་ཁ་ཤས་ཕྱོད་མཐོ་སྒོས་གཞན་སྒྱུར་བྱེད་མ་ཐུབ་པས། རོང་འབྲོག་པའི་ཡོང་སྒོ་སོ་ནར་གནས”ཞེས་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་དེ་ལྟར་ངོ་སྤྲོད་བྱས།

2020ལོར། མདའ་བཞི་བུ་རྒོད་སྡེ་བས་ཐོན་ཁུངས་སྡུད་སྒྲིག་བྱས་པ་དང་། སྡེ་བས་གཉེར་བའི་ཁེ་ལས་དྭངས་གཙང་མཚོ་མོའི་འབྱུང་ཁུངས་ཤ་སྐམ་ལས་སྣོན་བཟོ་གྲྭར་བསྒྱུར་བཀོད་རིམ་སྤོར་བྱས་ལ། དུས་མཚུངས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞིར་བསྡུས་ཤིང་། ལོ་རེའི་ཡོང་འབབ་ཀྱི6%ལྟར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོས། དྭངས་གཙང་མཚོ་མོའི་འབྱུང་ཁུངས་ཤ་སྐམ་ལས་སྣོན་བཟོ་གྲྭས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་ནོར་གནག་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་འཛུགས་སྐྲུན་དངོས་འབེབས་བྱས་པ་དང་། ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་བཏང་བ་བརྒྱུད། ས་གནས་དེ་གའི་རོང་འབྲོག་པའི་ལས་ཞུགས་བརྒྱུད་ལམ་མུ་མཐུད་དུ་རྒྱ་བསྐྱེད། ཉེ་བའི་ལོ་འགའི་རིང་ལ། རིམ་རྩིས་ལྟར་ན། སྡེ་བའི་ནང་གི་མི14དང་། རྫོང་ཡོངས་ཀྱི་མི80ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས།

“ང་ནི་ཉི་འོད་ལས་གཞིའི་ཉིན་རྒྱུན་གྱི་བདག་སྐྱོང་བ་ཡིན་ལ། ད་ལྟ་སྡེ་བའི་ཐུན་མོང་དཔལ་འབྱོལ་ལས་ཡོང་འབབ་བགོས་པ་ལས་གཞན། ལོ་རེར་སྒོར་ཁྲི2ཀྱི་བདག་སྐྱོང་དངུལ་ཡང་ལེན་ཐུབ།” སྡེ་བའི་མ་མཐའི་འགན་སྲུང་ཁྱིམ་ཚང་ཡིན་པའི་ཆ་ནས། ལོ་འདི་ཚོར་མ་ཅུན་ལུའུ་ཡིས་སྡེ་བའི་ནང་གི་ཐོན་ལས་འཕེལ་རྒྱས་ཀྱི་ཡོང་འབབ་ཀྱང་ལོངས་སུ་སྤྱོད་ཐུབ་ཡོད། ཡུལ་བསྟུན་ཇུས་བསྟར་གྱི་རྩ་དོན་ལྟར། མདའ་བཞི་བུ་རྒོད་སྡེ་བས་ས་གནས་དེ་གའི་ས་ཁམས་དགེ་མཚན་སྔོག་འདོན་ལེགས་པར་བྱས་པ་དང་། 2021ལོར་བགོ་འགྲེམ་རྣམ་པའི་ཉི་འོད་གློག་འདོན་ལས་གཞི་བསྐྲུན་ཚར་བ་དང་། ལས་གཞི་འདི་དངོས་འབེབས་བྱས་པ་ལས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྒོར་ཁྲི17གྱི་ཡོང་འབབ་བྱུང་བར་མ་ཟད། མ་ཅུན་ལུའུ་ཡི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས།

2018ལོར། མདའ་བཞི་བུ་རྒོད་སྡེ་བས་ད་ཡོད་ཀྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དང་ཟུང་འབྲེལ་གྱིས། མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་པ་དང་། ཚོང་འགུག་དངུལ་འདྲེན་བརྒྱུད། འབྲོག་ཁྱིམ་སྤྲོ་སྐྱིད་གླིང་དང་འཁོར་གཏོང་ཡུལ་སྐོར་སོགས་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། མདའ་བཞི་བུ་རྒོད་སྡེ་བའི“ནུབ་མཚོའི་སྐར་ཚོམ”སྒེར་འཁོར་སྒར་ས་དང་བུ་རྒོད་ས་ཚིགས་སོགས་ཡུལ་སྐོར་ལས་གཞི་མུ་མཐུད་དུ་འཐུས་ཚང་དུ་བཏང་ཞིང་། དྲིལ་སྒྲོག་ཚོང་སྤེལ་སྔར་ལས་ཆེར་བསྐྱེད་དེ། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱོགས་མང་པོར་འོས་སྦྱོར་བྱས།

དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་མུ་མཐུད་དུ་སྦྲེལ་མཐུད་ནུས་ལྡན་བྱ་ཆེད། ཐོན་ལས་འདྲེས་སྦྱོར་འཕེལ་རྒྱས་ཀྱི་ལམ་བུ་ཆགས་པར་བྱས་པ་དང་། མདའ་བཞི་བུ་རྒོད་སྡེ་བར་རིམ་བཞིན“ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ཐོན་ལས་ལ་འབད་པ་དང་སྡེ་བའི་ལས་བྱེད་པས་དཔེ་བསྟན་ནས་ཐོན་ལས་འཛིན་པ། ཏང་ཡོན་གྱིས་སྣེ་ཁྲིད་ནས་ཐོན་ལས་དར་བར་བྱེད་པ”བཅས་ཀྱི་འཕེལ་རྒྱས་རིགས་ལམ་ཆགས་པ་དང་། ཏང་རྩ་འཛུགས་དང་མཉམ་ལས་ཁང་། ཁྱིམ་གཞིས་ཕྱུགས་རའི“ཤིང་རྟ་འཁོར་ལོ”བཅས་མཉམ་གཤིབ་མཉམ་སྐྱོད་བྱས་ནས། སྡེ་བ་ཡོངས་ཀྱི་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང5ལ་རོགས་སྐྱོར་བྱས་ཏེ། ཁྱིམ་གཞིས་ཕྱུགས་ར4སྲོལ་རྒྱུན་ཕྱུགས་ལས་ཀྱི་ཡོང་འབབ་དམའ་བའི་དཀའ་ཁག་ལས་ཐར།

ཞིན་ཕིང་ཁྱིམ་གཞིས་ཕྱུགས་རར་བསྐྱོད་པ་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་དག་གཙང་གྲལ་འགྲིག་གི་ནོར་ལུག་གི་ར་བ་ཡིན། ར་བའི་ནང་ནོར་ལུག་རྣམས་བག་ཡངས་སུ་རྒྱུ་བའམ་ཡང་ན་གློ་ཉལ་བྱས་ཡོད་ཅིང་། ལུ་གུ་རྣམས་དགའ་སྤྲོའི་རྩེད་ལྡིང་ལ་རོལ་འདུག རྒད་པོ་ཀྲོའུ་ནི་སྡེ་བའི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡིན་ལ། ཁྱིམ་གཞིས་ཕྱུགས་ར་འདིའི་བདག་གཉེར་མཁན་ཡང་རེད། ཁོས“ལོ་འདི་ཚོར་ཏང་དང་སྲིད་གཞུང་གིས་ནོར་ལུག་གསོ་སྤེལ་གྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེར་བསྐྱེད་པ་དང་། སྡེ་བའི་གཞུང་ལམ་ཡང་ཁྱིམ་ཚང་གི་སྒོ་ཁར་ལས་པས། ནོར་ལུག་ཕྱིར་བསྐྱོད་པ་དང་གཟན་རྩྭ་སྐྱེལ་འདྲེན་ལ་སྟབས་བདེ་ཆེན་པོ་བསྐྲུན། རྫོང་ཐོག་དང་ཡུལ་ཚོ་ནས་ད་དུང་ང་ཚོ་གསོ་སྤེལ་ཁྱིམ་ཚང་ལ་ལས་གཞི་རིགས་མི་འདྲ་བ་དང་མ་དངུལ་བརྩོན་ལེན་བྱས་པས། ད་ལྟ་ངའི་ཁྱིམ་གཞིས་ཕྱུགས་རའི་ལོ་རེའི་ཡོང་འབབ་སྒོར་ཁྲི50ཡས་མས་ལ་བསླེབས་ཡོད་ཅིང་། འཚོ་བའི་སྤུས་ཚད་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བས། ངས་ང་ཚོའི་རླབས་ཆེ་བའི་ཏང་ལ་བཀའ་དྲིན་ཞུ་དགོས”ཞེས་བཤད། 

“2021ལོར། ངེད་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོ་ཁྲི103ལ་བསླེབས། 2022ལོར། སྡེ་བ་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་ཁྲི2651ལ་བསླེབས་ཤིང་། རོང་འབྲོག་པ་མི་རེའི་ཡོང་འབབ་སྒོར་ཁྲི2.98ལ་བསླེབས། 2023ལོར། ངེད་སྡེ་བའི་ཐུན་མོང་དཔལ་འབྱོར་སྔོན་རྩིས་ལྟར་ན་སྒོར་ཁྲི120བརྒལ་ཐུབ”ཅེས་ཚེ་ཐར་རྒྱལ་གྱི་སྐད་ཆའི་ཚིག་བར་ལ་སྤོབས་པའི་གདངས་ཀྱིས་ཁེངས་འདུག

རོང་འབྲོག་པའི་འཛུམ་མདངས་ལས་འབབ་འཕར་ཕྱུག་འགྱུར་གྱི་རེ་བའི་འོད་མདངས་འཕྲོ་བཞིན་འདུག ཏང་གི་མགོ་ཁྲིད་འོག མདའ་བཞི་བུ་རྒོད་སྡེ་བས་གསེར་ཐང་མར་ཁུའི་མཚོ་མོར་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འབྲི་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号